༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༠ ནས་ ༢༣ བར་རྒྱ་གར་ལྷོ་ཕྱོགས་པུ་ནེ་དང་། མུམ་བྷེ། མོན་གྷོ། གྷོ་བ་བཅས་སུ་བོད་མིའི་གཞིས་ཆགས་ཁག་དང་། ཁ་འཐོར་གཞིས་ཆགས་ཁག་གི་ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་། དེ་བཞིན་མི་མང་དང་སློབ་ཕྲུག་རྣམས་བཅས་མཇལ་འཕྲད་གནང་རྒྱུའི་ཆེད་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་སྤྱི་འཐུས་རྣམ་པ་སོ་སོའི་ས་གནས་ནས་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་གྲོང་ཁྱེར་པུ་ནེ་རུ་ཕེབས་ཐོན་གནང་རྗེས། ཕྱི་ཟླ་ ༡ ཚེས་ ༡༡ ནས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་པུ་ནེ་དང་། མུམ་བྷེ་ས་གནས་སུ་མཛད་རིམ་བསྐྱང་གནང་རྒྱུ། ཕྱི་ཟླ་ ༡ ཚེས་ ༡༥ ནས་ ༡༩ བར་མོན་གྷོ་ཁུལ་དང་། དེ་ནས་རྒྱ་གར་མངའ་སྡེ་གྷོ་བ་ཁུལ། ཕྱི་ཟླ་ ༡ ཚེས་ ༢༢ ཉིན་མངའ་སྡེ་གྷོ་བ་ནས་ཐོན་ཏེ་ཕྱི་ཚེས་ ༢༣ ཉིན་སོ་སོའི་ས་གནས་སུ་འབྱོར་རྒྱུ་རེད་འདུག་པ་བཅས། །