༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་དང་། ནུབ་བྷང་གྷལ། གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་མཛད་འཆར་ཁག་ཡོངས་སུ་ལེགས་པར་གྲུབ་སྟེ་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་གྲུ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༠༩ ཉིན་མགོན་པོ་གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་ལྡི་ལི་བརྒྱུད་འབྲས་ལྗོངས་སུ་ཆིབས་ཐོན་མཛད་དེ། ཕྱི་ཚེས་ ༡༢ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་དཔལ་འབྱོར་རྩེད་ཐང་ཆེན་མོར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་ཆོས་འབྲེལ་བཀའ་དྲིན་སྩལ་ཞིང་། དེ་རྗེས་ཕྱི་ཚེས་ ༡༤ ཉིན་ནུབ་བྷང་གྷལ་ས་ལུ་སྒར་དུ་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་མཛད་གྲུབ་མཚམས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་ཐོན་མཛད་ཡོད།
གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་མཛད་སྒོ་དང་། འཛམ་གླིང་ཞི་བདེའི་སྨོན་ལམ་ལ་དབུ་བཞུགས་ཀྱི་བཀའ་སློབ་བཀའ་དྲིན་སྩལ་བ་མ་ཟད། ཉིན་གསུམ་རིང་འཛམ་གླིང་ས་ཕྱོགས་གང་ས་ནས་ཆེད་ཕེབས་གནང་བའི་དད་ལྡན་ཁྲི་ཕྲག་མང་པོར་ཆོས་དབྱིངས་བསྟོད་པའི་གསུང་ཆོས་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བའི་ཐོག ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཝཱ་རཱ་ཎ་སཱི་སློབ་ཟུར་ཐུན་མོང་། སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་དང་དཔལ་ཞ་ལུ་དགོན་པ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དང་དགེ་ལྡན་སྤྱི་ལས་ཁང་བཅས་ནས་ཚེའི་ལྷ་མཆོག་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་། གཞན་ཡང་། གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གནང་བའི་མཛད་སྒོ། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་ཆིབས་བསྒྱུར་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་བ་བཅས་ཀྱི་མཛད་རིམ་ལེགས་པར་གྲུབ་སྟེ། ཚེས་ ༡༩ ཉིན་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༢༢ ཉིན་ལྡི་ལི་ནས་མཁའ་གྲུ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་མགོན་པོ་མཆོག་གྷ་གལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གཙོས་པའི་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། དད་ལྡན་སེར་སྐྱ་ཁག་ཅིག་ནས་ཕེབས་བསུ་ཞུས་པ་དང་འབྲེལ། ཕེབས་ལམ་དུ་ཕྱི་ནང་གི་དད་ལྡན་མི་མང་སྟོང་ཕྲག་ལྷག་གིས་ལག་ཏུ་མེ་ཏོག་བདུག་སྤོས་དང་དཀར་གཙང་མཇལ་དར་སོགས་མཆོད་པའི་རྫས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།