དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ཁ་སང་ཐའི་ཝན་ནང་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་སྟངས་དེ་ལ་མཚོན་ན། ང་ཚོ་རང་དབང་དང་ཆེ་མཐོང་ལྡན་པའི་འཚོ་བར་རོལ་འདོད་པ་ཚང་མར་སེམས་ཤུགས་སྤེལ་བའི་འབྱུང་ཁུངས་ཤིག་ཆགས་ཡོད།
ངོས་རང་ཐའེ་ཝན་ལ་སྐྱོད་སྐབས། ཁོང་ཚོས་སྣེ་ལེན་གཟབ་རྒྱས་གནང་བ་ད་ལྟའང་ཡིད་ལ་གསལ་པོར་དྲན་ཞིང་། སྐབས་དེར་མང་གཙོའི་ལམ་ལུགས་ཀྱི་རྩ་བ་བརྟན་པོ་ཚུགས་ཡོད་པ་མཐོང་བྱུང་། ཐའེ་ཝན་མི་མང་གིས་དར་ཞིང་རྒྱས་པའི་མང་གཙོའི་ལམ་ལུགས་བརྟན་པོ་ཞིག་དར་སྤེལ་བཏང་ཡོད་པ་དང་། དཔལ་འབྱོར་དང་ཤེས་ཡོན་གྱི་ཐད་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་བའི་ཁར། ད་དུང་སྲོལ་རྒྱུན་གྱི་རིག་གཞུང་ཕུན་སུམ་ཚོགས་པ་དེ་རྒྱུན་འཛིན་བྱས་ཡོད།
ང་རང་ནང་པའི་གྲྭ་པ་ཞིག་ཡིན་པའི་ཆ་ནས། ཐའེ་ཝན་གྱི་ནང་པ་ཚོས་སངས་རྒྱས་ཀྱི་ཆོས་ལ་དད་པ་ཆེན་པོ་བྱེད་བཞིན་པ་དེར་ཡིད་སྨོན་སྐྱེ་གི་ཡོད་ལ། ཁོང་ཚོའི་རེ་འདུན་བཞིན་སྐབས་སྐབས་སུ་ཆོས་འབྲེལ་དང་ལམ་སྟོན་ཞུ་རྒྱུའི་འབད་བརྩོན་ཀྱང་རྩོམ་གྱི་ཡོད།
ཐའེ་ཝན་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་བ་བཟང་པོ་ནི་ཆེས་གལ་འགངས་ཆེ་ཤོས་ཤིག་ཡིན་ལ། ས་གནས་དང་། རྒྱལ་ཁབ། རྒྱལ་སྤྱིའི་རིམ་པ་བཅས་གང་ཡིན་རུང་། དཀའ་རྙོག་གི་གནད་དོན་རྣམས་སེལ་བའི་ཐབས་ལམ་ཡག་ཤོས་ནི་གྲོས་མོལ་ལ་ཞུགས་རྒྱུ་དེ་ཡིན་པ་ངོས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། ཅེས་བཀའ་སྩལ་འདུག །