དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་དང་འབྲུག་པའི་མི་མང་དབར་ལ་ལོ་རྒྱུས་ཀྱི་འབྲེལ་བ་ཡོད། མང་གཙོའི་རིན་ཐང་ལ་ཆོད་སེམས་བརྟན་པོ་ཡོད་པའི་མི་ཞིག་ཡིན་པའི་ཆ་ནས། འདས་པའི་ལོ་འགའི་རིང་ལ་འབྲུག་རྒྱལ་པོའི་ཕུགས་རྒྱང་རིང་པོའི་དབུ་ཁྲིད་འོག་ནས་སྐུ་ཉིད་ཀྱི་རྒྱལ་ཁབ་ཀྱིས་མང་གཙོའི་རིན་ཐང་ལྡན་པའི་ཐོག་ནས་རྒྱལ་ཁབ་ཡར་རྒྱས་གཏོང་བཞིན་པར་ངོས་ཀྱིས་དོ་སྣང་བྱེད་བཞིན་ཡོད།
ད་ལྟའི་ཆར་འབྲུག་ཡུལ་དེང་རབས་ཀྱི་ལམ་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ནའང་། སྲོལ་རྒྱུན་གྱི་ཆོས་དང་རིག་གཞུང་རྣམས་ད་དུང་ཡང་རྒྱུན་འཛིན་བྱས་ཡོད། ཁྱེད་ཀྱི་སྐུ་དུས་སུ་འབྲུག་ཡུལ་མུ་མཐུད་ཡར་རྒྱས་འགྲོ་ངེས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་ཕྱོགས་གཉིས་ཀས་བོད་བརྒྱུད་ནང་བསྟན་ཐུན་མོང་དུ་ཉམས་ལེན་བྱེད་བཞིན་ཡོད་པ་རེད།
ང་ཚོའི་ཆོས་ལུགས་ཀྱི་སྲོལ་རྒྱུན་ནི་དད་པ་ཞིག་ལ་བརྟེན་ཡོད་པ་ཙམ་མ་ཡིན་པར། རྒྱ་ཆེ་ས་ནས་འགྲོ་བ་མི་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཀྱང་ཡོང་གི་ཡོད། བཀའ་བསྟན་གཉིས་ནི་སངས་རྒྱས་ཀྱི་བཀའ་དང་ཕྱིས་ཀྱི་རྒྱ་གར་གྱི་མཁས་པ་ཚོས་བསྒྱུར་བའི་བསྟན་བཅོས་རྣམས་ཕྱོགས་བསྒྲིགས་ཀྱིས་བརྩམས་པ་ཞིག་ཡིན་ཞིང་། དེ་དག་གི་ནང་དུ་སེམས་དང་སེམས་བྱུང་གི་བྱེད་ལས་སྐོར་གྱི་ཤེས་བྱ་རྒྱ་ཆེན་ཞིག་འདུས་ཡོད་ལ། ཤེས་བྱ་དེ་དག་ནི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཤིན་ཏུ་གལ་ཆེན་ཆགས་ཡོད། ཅེས་བཀའ་སྩལ་ཡོད་པ་བཅས།།