༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་ལྡན་ལུགས་བཟང་གཙུག་ལག་ཁང་ཆེན་པོའི་དགེ་ལུགས་རྒྱུགས་སྤྲོད་ཀྱི་བསླབ་པ་མཐར་ཕྱིན་ཏེ་ཕྱི་ལོ་ ༢༠༢༠ དང་། ཕྱི་ལོ་ ༢༠༢༡ ཕྱི་ལོ་ ༢༠༢༢ ཕྱི་ལོ་ ༢༠༢༣ བཅས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པའི་དགེ་འདུན་པ་གྲངས་ ༤༡༣ ལ་དགེ་བཤེས་ལྷ་རམས་པའི་བསླབ་པ་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨:༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་འཕེལ་རྒྱས་གླིང་ཕོ་བྲང་ནས་དུས་དབང་གསུང་ཆོས་རྭ་བར་ཆིབས་བསྒྱུར་བསྐྱངས་ནས་བཞུགས་ཁྲིར་འཁོད་མཚམས་དགེ་ལྡན་ལུགས་བཟང་གཙུག་ལག་ཁང་ཆེན་པོའི་རྒྱུགས་སྤྲོད་དོ་དམ་པ་དགེ་བཤེས་ལྷ་རམས་པ་སྤྲུལ་སྐུ་བསྟན་འཛིན་ཤེས་རབ་ལགས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཀྱི་བྱུང་རིམ་ངོ་སྤྲོད་གནང་བ་དང་། དེའི་རྗེས་༸སྐྱབས་རྗེ་དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཛད་སྒོ་དང་འབྲེལ་བཀའ་སློབ་རྩལ་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན། ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཆགས་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་ནི་ཞབས་བརྟན་བྱེད་པ་ལྟ་བུ་མ་ཡིན་པར་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཡག་པོ་བཏང་ནས་ཉི་མ་དེའི་རིང་ལ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བས་ཟིན་པ་བྱས་ཏེ་མི་ཚེ་བསྐྱལ་གྱི་ཡོད། ཧ་ཅང་ཕན་ཐོགས་ཆེན་པོ་འདུགརང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་གསུངས་པ་ལྟར། རང་དོན་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཧ་ཅང་ཕན་པོ་འདུག གཞན་ཕན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་ཀྱིས་ཕན་ཐོགས་ཡོང་གི་ཡོད། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །ཞེས་གསུངས་ཡོད། དེར་བརྟེན་རང་གཞན་ཀུན་ལ་ཕན་བདེ་འབའ་ཞིག་སྟེར་བར་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉིན་རེ་བཞིན་དུ་ལག་ལེན་ལ་བཀལ་དགོས། ཚུལ་དེ་ལྟ་བུའི་སྒོ་ནས་ཚེ་རབས་ནས་ཚེ་རབས་སུ་སེམས་དང་སྤྱོད་པ་མ་འཁྲུལ་བར་འགྲོ་བ་ནི་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རེ་བ་ཁ་ཡོད་ལག་ཡོད་ཐོག་འགྲོ་གི་ཡོད།སངས་རྒྱས་པའི་ཆོས་ནི་སྨོན་ལམ་རྒྱག་སྡོད་པ་གཅིག་པུའི་སྐད་ཆ་མིན་པར་བསམ་བློ་རྒྱ་ཆེན་པོ་བཏང་ནས་ཡོང་བ་ཞིག་ཡིན་པས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་རྗེ་རིན་པོ་ཆེས་གསུངས་པ་ལྟར། སངས་རྒྱས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་བསམ་བློ་ག་ཚོད་བཏང་བ་ཡིན་ན། བསམ་བློ་རྒྱ་ཆེ་རུ་ཆེ་རུ་ཕྱིན་ནས་རྫོགས་རྒྱུ་མེད་པ་ཆགས་ཀྱི་ཡོད། རང་གཅེས་འཛིན་དང་བདེན་འཛིན་ཤུགས་ཆེན་པོ་རེད་དེ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་རྒྱུ་མཚན་མཐའ་ཡས་པ་ཞིག་ཡོད་པས་སེམས་སྟེང་གི་ཉོན་མོངས་པ་རྣམས་ལ་བསམ་བློ་ཡག་པོ་བཏང་ན་རང་བཞིན་གྱིས་ནུས་པ་མེད་པ་ཆགས་ཀྱི་ཡོད། འཛམ་གླིང་འདིར་མི་རྣམས་ཀྱིས་དངོས་པོ་ཡར་རྒྱས་འགྲོ་བའི་ཐོག་ལ་གཅིག་གིས་གཅིག་ལ་འགྲན་བསྡུར་བྱས་ཏེ་འགྲོ་གི་ཡོད་ཀྱང་། སེམས་ཀྱི་ཉོན་མོངས་དང་བྱང་ཆུབ་ཀྱི་སེམས་འགྲན་བསྡུར་བྱེད་པ་ལ་འབད་བརྩོན་བྱས་པ་ཡིན་ན། མི་ཕན་ཚུན་འགྲན་བསྡུར་བྱེད་པ་ནི་རང་གཅིག་པུའི་ལག་ཏུ་མེད་པར་གཞན་ལ་བརྟེན་ཡོད། སེམས་ཀྱི་བདེན་འཛིན་དང་རང་གཅེས་འཛིན་གྱི་ལྡོག་ཕྱོགས་བདག་མེད་རྟོགས་པའི་ཤེས་རབ་དང་། བྱང་ཆུབ་ཀྱི་སེམས་ནི་གཞན་ལ་བརྟེན་མི་དགོས་པར་སོ་སོས་བསམ་བློ་ཡག་པོ་བཏང་ན་ཉིན་རེ་བཞིན་དུ་སེམས་ལ་འགུལ་བསྐྱོད་ཐེབས་ནས་གཞན་གཅེས་འཛིན་ཤུགས་ཆེ་རུ་ཆེ་རུ་འགྲོ་བ་ཞིག་དང་། གཏི་མུག་བདེན་འཛིན་ལ་གཞི་རྩ་མེད་པ་ཞིག་བློ་ལ་སླེབས་ཡོང་སྐབས་སངས་རྒྱས་པའི་ཆོས་ནི་རྒྱུ་མཚན་ཡང་དག་པ་ཞིག་རེད། གོམས་ན་སླ་བ་མ་ཡིན་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །གསུངས་པ་ལྟར་བསམ་བློ་ཡག་པོ་བཏང་ནས་གོམས་འདྲིས་ཆེ་རུ་ཕྱིན་པའི་ཚོད་རང་གཅེས་འཛིན་ཤུགས་ཆུང་དུ་འགྲོ་བ་དང་། བདེན་འཛིན་གྱི་རྣམ་རྟོག་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་རེད། དེ་རིང་འདིར་ལྷ་རམས་པའི་ཕྱག་འཁྱེར་དབུལ་རྒྱུ་རེད། ང་ཚོ་བོད་གངས་ཅན་གྱི་བསླབ་པ་སློབ་གཉེར་བྱེད་སྟངས་ནི་ཧ་ལས་པ་ཞིག་རེད། ཐའེ་ལནྚ་དང་འབར་མ། ཝིཊ་ནམ་སོགས་སུ་ངོས་ལ་ནང་པ་ངོ་ཤེས་པ་མང་པོ་ཡོད། ལོ་མང་པོར་དཔེ་ཆར་ལྟ་མཁན་ཧ་ཅང་ཉུང་ཉུང་རེད། རེ་ཟུང་ཡོད་ཤས་ཆེ་མ་གཏོགས་མང་ཆེ་བ་དཔེ་ཆ་བལྟ་བར་དོ་སྣང་མེད་པར་སྒོམ་བརྒྱབ་ནས་སྡོད་པ་ལ་དོ་སྣང་ཆེ་བ་ལྟ་བུ་འདུག ང་ཚོ་བོད་ལ་དཔེ་ཆ་བལྟ་བར་དང་དོད་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་དཔེ་ཆ་བལྟས་པ་དང་། དཔེ་ཆར་ལྟ་དུས་ཚིག་གི་འབྲུ་རྙེད་པ་ཙམ་དུ་མ་ཟད། དེ་ལ་དཔྱད་པ་བྱེད་ཀྱི་ཡོད། ང་ཚོའི་རྟགས་གསལ་གྱི་འགྲོ་སྟངས་ནི་ཧ་ཅང་ཡག་པོ་ཞིག་རེད། བརྡར་ཤ་བཅད་ནས་འགྲོ་བ་ནི་ཧ་ཅང་གལ་ཆེན་པོ་རེད། ཁྱོད་ཚོ་ཚང་མར་དེ་ཞུ་འདོད་བྱུང་། ཞེས་སོགས་བཀའ་སློབ་སྩལ་རྗེས་དགའ་ལྡན་ཁྲི་པ་བརྒྱ་དང་བཞི་པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ དང་། ༢༠༢༡། ༢༠༢༢། ༢༠༢༣ བཅས་སུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པའི་དགེ་བཤེས་རྣམ་པར་ལྷ་རམས་པའི་ཕྱག་འཁྱེར་རིམ་པར་སྩལ་ཅིང་། ལྷ་རམས་པ་རྣམས་༸གོང་ས་མཆོག་དང་བླ་ཆེན་རྣམ་པའི་ལྷན་དུ་སྐུ་པར་ལྷན་སྒྲོན་མཛད་སྐབས་དགེ་འདུན་བྱིངས་ནས་སྨོན་ལམ་དང་བཀྲ་ཤིས་པའི་ཚིགས་བཅད་གསུང་འདོན་གནང་།དེ་རྗེས་སླད་ཡང་མགོན་པོ་མཆོག་གིས་སླར་ཡང་བཀའ་སློབ་སྩལ་དོན། འདིར་སློབ་གཉེར་གནང་མཁན་ཁྱོད་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཚང་མས་སློབ་གཉེར་གནང་ནས་ཧུར་ཐག་བྱས་པ་རེད། སློབ་གཉེར་གནང་ནས་གོ་རྟོགས་ཡོད་པ་དེ་ལག་ལེན་དུ་བཀལ་ནས། ཐོག་མར་ཐོས་བྱུང་གི་ཤེས་རབ་དང་། དེ་ནས་བསམ་བྱུང་གི་ཤེས་རབ། མཐའ་མར་སྒོམ་བྱུང་གི་ཤེས་རབ་རྒྱུད་དུ་སྐྱེས་ཏེ་ས་ལམ་བགྲོད་ཐུབ་པ་ཞིག་ཁ་ཉིན་ཡང་ཞུས་ཡོད། ངོས་རང་ལ་མཚོན་ན་བྱང་ཆུབ་ཀྱི་སེམས་གང་ལ་གང་འཚམ་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ཡོང་དུས་སྦྱོར་ལམ་ནས་ཡར་འགྲོ་བའི་ཚོད་དཔག་བྱེད་ཀྱི་ཡོད་ལ། རེ་བ་རྒྱག་གི་ཡོད། ཚེ་འདི་ལ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཞེས་གསུངས་པ་ལྟར། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སོགས་མངོན་དུ་བྱེད་ཐུབ་པ་ལ་རེ་བ་རྒྱག་གི་ཡོད་ལ། གང་ལ་གང་འཚམ་ཚོད་དཔག་བྱེད་ཐུབ་པ་ཆགས་ཀྱི་ཡོད། དེར་བརྟེན། ཁྱོད་ཚོ་ཚང་མས་ཐོས་པའི་དོན་ལ་ཡང་ནས་ཡང་དུ་བསམ་ནས་སེམས་ཀྱི་གཏིང་ནས་ངེས་པ་ཐོབ་པ་ཞིག་དང་། ངེས་པ་ཐོབ་པའི་རྗེས་འབྲེལ་དུ་ལག་ལེན་བཀལ་ནས་རྒྱལ་བའི་དགོངས་པ་དང་མཐུན་པ་ཡག་པོ་ཡོང་ཐབས་དང་། འཛམ་གླིང་གི་མི་སྤྱི་དང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོར་མིག་དཔེ་མཚོན་ཐུབ་པ་ཞིག་གི་ཐོག་ནས་སངས་རྒྱས་པའི་ཆོས་པ་ཞིག་གིས་ཆོས་ལ་བསམ་བློ་བཏང་། དཔྱད་པ་བྱས་ཏེ་མི་འདྲ་བ་ཞིག་འདུག་བསམ་ཏེ་མི་ཚོས་དོ་སྣང་སླེབས་པར་ཚང་མས་ཧུར་ཐག་བྱེད་དགོས། བསྟན་པའི་ཞབས་འདེགས་སྒྲུབ་ཟེར་བ་ནི་དེ་འདྲ་ཞིག་རེད། ཚང་མས་འཆར་ཅན་ཡིན་བསམ་པ་མིན་པར་ཉིན་རེ་བཞིན་དུ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བློ་ལ་ཡར་རྒྱས་ཡོད་པ་ཞིག་དང་། གྲོགས་པོ་ཚོར་འགྲེལ་བཤད་དང་། སྟོན་ཐུབ་པ་ཞིག་བྱུང་ན་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད། ཚང་མས་ཧུར་ཐག་གནང་རོགས།
དེ་རིང་འདིར་དམིགས་བསལ་ཞུ་རྒྱུ་ཞིག་ལ། ཉེ་ཆར་ཉི་འོང་ལ་ས་འགུལ་ཧ་ཅང་སྡུག་པོ་ཤིག་བརྒྱབ་འདུག མི་མང་པོ་ཞིག་འདས་གྲོངས་ཕྱིན་འདུག་ལ་ཡུལ་སྤྱི་ལ་ས་འགུལ་གྱིས་ཡོ་འཁྱོམ་ཆེན་པོ་བྱུང་སྟེ་མི་མང་པོའི་སེམས་ལ་དངངས་སྐྲག་དང་མ་སྐྱིད་པ་བྱུང་འདུག ཉི་འོང་ལ་མཚོན་ན་སྤྱི་ཡོངས་ཀྱི་ཆ་ནས་ནང་པའི་ལུང་པ་ཆགས་ཡོད་པ་རེད། ཤེས་རབ་སྙིང་པོ་ཚང་མས་འདོན་གྱི་ཡོད། དེ་ལྟ་བུའི་ཡུལ་གྲུ་ལ་རྐྱེན་ངན་འཕྲད་སྐབས་ང་ཚོའི་སེམས་ལ་རང་བཞིན་གྱིས་ཤ་ཚ་སླེབས་པ་ཞིག་ཡིན་པས་ད་རེས་ང་ཚོ་ཚང་མས་ཉི་འོང་གི་ཆོས་གྲོགས་ཚོའི་ཆེད་དུ་དམིགས་ནས་ཤེས་རབ་སྙིང་པོ་ཚར་གཅིག་གསུངས། ཞེས་ཤེས་རབ་སྙིང་པོ་གསུང་འདོན་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་ཡོད།།