༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་གི་སྤྱི་ཁྱབ་བློན་ཆེན་ཕུ་མི་ཧོ་ཀི་ཤི་ཊ་ (Fumio Kishida) ལགས་སུ་ཉེ་ལམ་ཉི་འོང་ནང་ས་འགུལ་གྱི་གོད་ཆག་ཁྲོད་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
དེ་ཡང་གསུང་འཕྲིན་ནང་མགོན་པོ་མཆོག་གིས། ངས་རང་བྱུང་གི་གོད་ཆག་འདི་ཁྲོད་ཚེ་སྲོག་ཤོར་མཁན་རྣམས་ལ་བསྔོ་སྨོན་དང་། ཁོང་ཅག་གི་ལྟོས་བཅས་ནང་མི་དང་ཆག་སྒོའི་གནོད་སྐྱོན་འཕོག་མཁན་ཡོངས་ལ་སེམས་གསོ་ཞུ་རྒྱུ་ཡིན།
ཉི་འོང་གཞུང་གིས་རོགས་སྐྱོར་མཁོ་བའི་མི་རྣམས་ལ་ངལ་སེལ་རོགས་སྐྱོར་གང་ཐུབ་གནང་བཞིན་པར་ངས་རྗེས་སུ་ཡི་རང་ཞུ་གི་ཡོད། ངོས་རང་ཤེས་རབ་སྙིང་པོ་ཉིན་རེ་བཞིན་འདོན་མཁན་ཞིག་ཡིན་པའི་ཆ་ནས། ཉི་འོང་གི་ནང་པ་ཚོས་ཀྱང་སྐབས་རེ་ཞལ་འདོན་འདི་འདོན་ཐུབ་ན་ཡག་པོ་ཡོད། དེ་ལ་བརྟེན་ནས་འཆི་བའི་ལྔ་ལམ་དུ་འགྲོ་མཁན་རྣམས་ལ་ཕན་པ་མ་ཟད། སླད་འཆར་ཡང་གོད་ཆག་ཟློག་པར་ཕན་ཐོགས་ངེས་རེད། ད་ལྟ་ང་རང་རྒྱ་གར་གྱི་གནས་མཆོག་སྟོན་པ་ཤཱཀྱ་ཐུབ་པ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་རྡོ་རྗེ་གདན་དུ་ཡོད་ལ། འདིར་ང་ཚོས་དགེ་འདུན་པའི་སྡེ་དང་ལྷན་དུ་གནས་ཆེན་འདི་ལ་གནས་སྐོར་དུ་སྐྱོད་མཁན་ཚོས་ཉི་འོང་གི་གོད་ཆག་ཁྲོད་ནས་གནོད་འཚེ་ཕོག་པའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཤེས་རབ་སྙིང་པོ་འདོན་རྒྱུ་ཡིན། ཞེས་བཀའ་སྩལ་ཡོད་པ་བཅས།།