༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མཱ་ཧཊ་ཊ་ཚོགས་པའི་གོ་སྒྲིག་འོག་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱི་དྲྭ་ཐོག་འགོ་ཁྲིད་ཟབ་སྦྱོང་ལེགས་གྲུབ་བྱུང་རྗེས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༣ ནས་ ༠༥ བར་བཞུགས་སྒར་རྡ་རམ་ས་ལར་གོང་སྨོས་སློབ་གྲྭའི་འགན་འཛིན་རྣམ་པ་དངོས་སུ་ལྷན་འཛོམས་ཀྱིས་འགོ་ཁྲིད་ཟབ་སྦྱོང་གནང་ཡོད་པ་རེད།
དེ་ཡང་དེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༢༢ དང་། ཟླ་བ་ ༠༩ ཚེས་ ༡༩ ཟླ་བ་ ༡༢ ཚེས་ ༠༧ སོ་སོར་འགན་འཛིན་རྣམས་ལ་དྲྭ་ཐོག་ནས་ཐབས་བྱུས་ལྡན་པའི་འཆར་སྣང་དང་། འགོ་ཁྲིད་ནུས་རྩལ་གོང་མཐོར། མཉམ་ལས་སོགས་ཀྱི་སྐོར་སློབ་སྟོན་ཞུས་ཟིན་ཡོད། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༣ ནས་ ༠༥ བར་སློབ་གྲྭའི་འགན་འཛིན་རྣམ་པ་བཞུགས་སྒར་རྡ་རམ་ས་ལའི་ནོར་བུ་གསོལ་མགྲོན་ཁང་དུ་དངོས་སུ་ཆེད་འཛོམས་གནང་སྟེ་འགོ་ཁྲིད་ནུས་རྩལ་ལྷག་འཕྲོས་རྣམས་ཀྱི་སྐོར་སློབ་སྟོན་ཞུས་འགོ་བཙུགས་པ་བཞིན། འགན་འཛིན་རྣམ་པའི་འགོ་ཁྲིད་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕེབས་ཞུགས་ཀྱིས་སློབ་སྤྱི་རྣམ་པ་སློབ་གྲྭའི་ཁ་ཕྱོགས་སྒྱུར་མཁན་གྱི་མི་སྣ་གཙོ་བོ་ཡིན་པས་སློབ་སྤྱི་རྣམས་ཀྱི་ནུས་པ་གོང་མཐོར་གཏོང་སླད་འགོ་ཁྲིད་ཟབ་སྦྱོང་དགོས་རྒྱུ་གལ་ཆེ་ཡིན་པ་གསལ་སྟོན་དང་འབྲེལ། འགོ་ཁྲིད་ཟབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་སྟབས། ཟབ་སྦྱོང་སྐབས་བློ་སྐྱེད་ཇི་བྱུང་སློབ་གྲྭར་ཕྱིར་ཕེབས་རྗེས་ལག་བསྟར་གནང་དགོས་པ་ལས། དེ་ལྟར་མ་བྱུང་ན་ཟབ་སྦྱོང་གི་དམིགས་ཡུལ་མ་གྲུབ་པ་རེད་ཅེས་གསུངས། དེ་བཞིན་བཀའ་བློན་མཆོག་གིས་སློབ་གྲྭའི་ནང་དུ་སློབ་མ་ཚོར་བྱམས་བརྩེ་ལྡན་པའི་ཐོག་ནས་སློབ་ཁྲིད་གནང་དགོས་པ་མ་ཟད། གང་བསླབ་པ་རྣམས་ཀྱང་སྤུས་ཚད་ལྡན་པ་ཞིག་སློབ་དགོས་པའི་འབོད་སྐུལ་གནང་ཡོད། ཉིན་གྲངས་གསུམ་རིང་གི་ཟབ་ཁྲིད་སྐབས་དུས་བསྟུན་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་ཀྱི་བྱེད་སྒོ་རྣམ་གཞག་འདྲ་མིན་དང་། སློབ་སྤྱི་ནང་ཁུལ་བགྲོ་གླེང་སོགས་བརྒྱུད་སློབ་སྟོན་ཞུས་ཡོད། ཕྱི་ཚེས་ ༠༥ ཉིན་འགོ་ཁྲིད་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་ཐོག་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་མཱ་ཧཊ་ཝ་ཚོགས་པའི་ངོས་ནས་འགོ་ཁྲིད་ཟབ་སྦྱོང་ལ་མཐུན་སྦྱོར་གང་ལེགས་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་རྗེས་མཱ་ཧཊ་ཝ་ཚོགས་པའི་འགན་འཛིན་དིཔ་ཏི་ཤོ་ནི་ (Deepti Sawhney) ལགས་ནས་ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་གནང་། དེ་ནས་སློབ་སྤྱི་རྣམས་ཀྱིས་འགོ་ཁྲིད་ཟབ་སྦྱོང་གི་མྱོང་ཚོར་དང་། ཤེས་རིག་ལས་ཁུངས་དང་། སློབ་སྟོན་པ། ཟབ་སྦྱོང་གི་སྦྱིན་བདག་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།
ཐེངས་འདིའི་འགོ་ཁྲིད་ཟབ་སྦྱོང་དེར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས་གཉིས་ཀྱི་འབྲེལ་མཐུད་གནང་ཐོག ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) དང་། ཟབ་སྦྱོང་འཚོགས་ཡུལ་ནོར་བུ་གསོལ་མགྲོན་ཁང་གིས་མཐུན་འགྱུར་གནང་ཡོད་པ་བཅས།།