༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༡༤ ཉིན་ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་གི་རེ་སྐུལ་ལྟར་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལགས་ཀྱིས་བོད་ཀྱི་གནའ་བོའི་དབུགས་སྦྱོང་གི་ནུས་པ་ (The Power of Breathing in the Ancient Yogic Tradition of Tibet) ཞེས་པའི་བརྗོད་བཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལགས་ཀྱིས་རང་ཉིད་ནས་བོད་བརྒྱུད་ནང་བསྟན་ཐོག་ལོ་མང་པོའི་རིང་བསླབ་པ་སློབ་གཉེར་གནང་བའི་ཉམས་མྱོང་ལ་གཞི་བཅོལ་ནས་གསང་སྔགས་རྣལ་འབྱོར་ཉམས་ལེན་སྤྲོད་དང་འབྲེལ། ཆོས་ཕྱོགས་ཀྱི་ལམ་ནས་ལུས་དང་། སེམས་བདེ་ཐང་ཡོང་ཐབས་སྐོར་དམིགས་བསལ་དོ་སྣང་གནང་སྟེ་ཚོགས་ཞུགས་པ་རྣམས་ལ་ངོ་སྤྲོད་གནང་ཡོད་པ་རེད།
དེ་མཚུངས་ཁོང་གིས་དབུགས་འབྱུང་རྔུབ་ནི་མིའི་སེམས་ཁམས་དང་། འཕྲོད་བསྟེན་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་སྐོར་གསལ་བཤད་དང་། དེ་བརྒྱུད་རང་ཉིད་སེམས་ངལ་བཅོས་ཐབས། དྲན་པ་ཉེར་བཞག་ཉམས་སུ་ལེན་སྟངས་སོགས་ཀྱི་སྐོར་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་གནང་བས། ཚོགས་ཞུགས་པ་རྣམས་ནས་ཀྱང་དོ་སྣང་ཆེན་པོ་གནང་ཡོད།
ཕྱི་ཚེས་ ༡༦ ཉིན་ (Centro de Estudos Budistas Bodisatva)ཞེས་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་བླ་མ་པདྨ་བསམ་གཏན་ལགས་འཁོར་དང་ལྷན་ལྷོ་ཨ་རིའི་སྐུ་ཚབ་དོན་ཁང་དུ་ཆེད་ཕེབས་ཤིང་། སྐབས་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་གཞིར་བཟུང་རྒྱུན་འཛིན་གནང་ཐབས་སྐོར་གྲོས་བསྡུར་གནང་ཡོད་པ་དང་། དེ་རྗེས་ཁོང་རྣམ་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་སའོ་པོ་ལོའི་ལིག་མིན་ཆ་ལྟེ་གནས་ཁང་ནང་གོ་སྒྲིག་གནང་བའི་མཚམས་ལ་ཞུགས་ཡོད་པ་བཅས།།