༄༅། །ལྡི་ལི་ཤེས་དཔར་དབུས་ལས་ཁུངས་སུ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དཔེ་དེབ་དང་། སྐུའི་གཟུངས་ཁག་ཕྱིར་གཏོང་དང་འགྲེམས་སྤེལ་ཆེད་ཕྱིར་གཏོང་འགན་འཛིན་ (Dispatch In charge) ཞིག་གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཚོགས་པར་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༩ ཕྱི་དྲོ་ཕྱག་ཚོད་ ༥་༠༠ གོང་གློག་འཕྲིན་བརྒྱུད་སྙན་ཞུ་འབུལ་གནང་དགོས་རྒྱུ། སྙན་ཞུའི་ནང་སོ་སོའི་སྡོད་གནས་ཁ་བྱང་། འབྲེལ་གཏུགས་བྱ་ཡུལ་ཁ་པར་ཨང་གྲངས། གློག་འཕྲིན་ཁ་བྱང་ (Email ID) བཅས་ཁ་གསལ་འགོད་དགོས་རྒྱུ། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། འདི་ལས་ནས་སྙན་ཞུ་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏོང་རྒྱུ།
དགོས་མཁོའི་ཆ་རྐྱེན་གཤམ་གསལ།
༡། ཤེས་ཚད། ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པའི་ལག་འཁྱེར་ཡོད་པ། (Degree & Marks Card) ཚོང་རིག་ (BCom, BBA) ཐོན་པ་རྣམས་ལ་དམིགས་བསལ་དགོངས་བཞེས་འཐོབ་རྒྱུ།
༢། ལོ་ཚད། ཕྱི་ལོ་ ༢༠༢༤།༠༡།༢༣ ཉིན་རང་ལོ་ ༡༨ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བའི་ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ ( Birth Certificate) གྱི་ངོ་བཤུས།
༣། རྒྱུགས་གཞི། བོད་ཡིག ཨིན་ཡིག་བཅས་ཀྱི་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
༤། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། ཕྱི་ལོ་༢༠༢༣།༣།༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་ངོ་བཤུས།
༥། བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང། ས་རྟགས་འཁོད་པ་ངོ་མ།
༦། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
༧། ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ (No Objection Letter) དགོས་རྒྱུ།
༨། འདེམས་སྒྲུག་བསྐོ་གཞག་བྱུང་ཚེ་ཉུང་མཐར་ལོ་ ༥ ཞབས་ཞུ་དགོས་རྒྱུ།
གསོལ་ཕོགས་དང་མཐུན་རྐྱེན།
དོ་བདག་ལ་ཕོགས་རིམ་བདུན་པའི་ཟླ་རེར་ཧིན་སྒོར། ༢༧,༨༨༧་༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་ལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་བཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་འཐོབ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལྡི་ལི་ཤེས་རིག་དཔར་ཁང་དབུས་ལས་ཁུངས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༢༣ ལ།།
འཚང་སྙན་འབུལ་ཡུལ།
The Director
Sherig Parkhang Trust
R-27 & 28, Ramesh Park, Laxmi Nagar, Delhi – 110092
Tel: +91-11-22455634, Mobile/WhatsApp: +91-7701996481
E-mail- [email protected]