༄༅། ། བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་ནི། ཨ་རིའི་རོགས་ཚོགས་ནས་བོད་མིའི་སྤྱི་ཚོགས་ཁྲོད་རིག་གཞུང་སོར་ཆུད་ནུས་པ་གོང་འཕེལ་གྱི་ལས་གཞིའི་འོག་རོགས་དངུལ་ཐོབ་ཅིང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ལས་གཞི་ཞིག་ཡིན། བོད་ཀྱི་གྲངས་འཛིན་དཔེ་མཛོད་འདིས་གྲངས་འཛིན་གྱི་མཛོད་ཁང་ལྟ་བུའི་ཐོག་ཡིག་ཆ་རྙིང་པ་དང་། སྐུ་ཐང་དང་སྐུ་འདྲ། སྒྲ་བརྙན་པར་རིས། གཞན་ཡང་ཐོགས་རེག་མི་ནུས་པའི་རྒྱུ་ཆ་སོགས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཤུལ་བཞག་གི་ཐོན་རྫས་རིགས་ཉར་ཚགས་དང་། ཉེན་སྲུང་། ཡུན་གནས། དེ་བཞིན་སྤྱོད་བདེའི་ཁྱད་ཆོས་ལྡན་པ་བཟོ་སྒྲིག་གིས་བོད་མིའི་སྤྱི་ཚོགས་ནང་བོད་ཀྱི་རིག་གཞུང་རྒྱུན་གནས་དང་དར་སྤེལ་སླད་དུ་ཡིན།
ལས་རྟགས་ཀྱིས་ཚོགས་པའི་ངོ་ཚབ་བྱེད་ཐུབ་ཅིང་། དེ་ལ་བརྟེན་ནས་ཚོགས་པའི་ངོ་བོ་གང་ཡིན་ངོས་འཛིན་དང་བརྡ་ལན་སླ་པོའི་ངང་སྤྲོད་པར་རམ་འདེགས་བྱེད་ཀྱི་ཡོད། དེ་བཞིན་འབོད་ཚིག་གིས་ཚོགས་པའི་ཐུན་མོང་མིན་པའི་ཁྱད་ཆོས་མངོན་ཐུབ་ཀྱི་ཡོད། བོད་ཀྱི་གྲངས་འཛིན་དཔེ་མཛོད་ལའང་ངོ་བོ་གསལ་པོ་མཚོན་བྱེད་དུ་ལས་རྟགས་དང་འབོད་ཚིག་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། མཉམ་འདུས་ཚོགས་སྡེའི་ཡིག་ཆའི་དགོས་ངེས་ཆ་རྐྱེན་ཆགས་ཀྱི་ཡོད།
ལས་རྟགས་དང་འབོད་ཚིག་གསར་བཟོའི་གསལ་བསྒྲགས་སྤེལ་དགོས་དོན་ནི། ལས་དོན་དེ་དག་གང་ཟག་བྱེ་བྲག་པ་ཁ་ཤས་ཤིག་གི་རྣམ་དཔྱོད་བེད་སྤྱོད་པ་གཅིག་པུ་མིན་པར། བོད་རིགས་གཞོན་སྐྱེས་མང་དག་ཅིག་ནས་འདིའི་ཐོག་རྣམ་དཔྱོད་ཀྱི་ནུས་པ་མཉམ་སྤུངས་ཀྱི་གསར་བཟོ་ཐུབ་རྒྱུ་གལ་ཆེ་ཞིང་། ལྷག་པར་དུ་གཞོན་སྐྱེས་ཚོའི་ནང་བོད་ཀྱི་གྲངས་འཛིན་དཔེ་མཛོད་སྐོར་གོ་རྟོགས་ཇེ་ཆེར་སྤེལ་རྒྱུར་དམིགས་ནས་འགྲན་བསྡུར་འདི་གོ་སྒྲིག་ཞུས་པ་ཡིན། འགྲན་བསྡུར་འདིའི་ནང་བོད་མིའི་འདུས་སྡོད་ས་གནས་ཁག་དང་། སློབ་གྲྭ། དགོན་སྡེ་ཁག་ནང་ཡོད་པའི་བོད་མི་ཚང་མས་མཉམ་ཞུགས་བྱ་ཆོག། ལས་དོན་ཚོགས་ཆུང་ནས་ལས་རྟགས་དང་འབོད་ཚིག་རྩེ་ཕུད་གསུམ་འདེམས་སྒྲུག་གིས་བྱ་དགའ་འབུལ་རྒྱུ་དང་། རྩེ་ཕུད་དང་པོ་དེ་གཞུང་འབྲེལ་ལས་རྟགས་དང་འབོད་ཚིག་ཏུ་གཏན་འབེབས་བྱ་རྒྱུ་ཡིན། མཉམ་ཞུགས་གནང་མཁན་རྣམས་ནས་དགོས་མཁོའི་ཡིག་ཆ་དང་། འགེངས་ཤོག རང་ཉིད་ཀྱི་གསར་བཟོ་བྱས་པའི་ལས་རྟགས་སམ་འབོད་ཚིག་གང་རུང་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༩ ནང་ཚུན་གཤམ་འཁོད་གློག་འཕྲིན་ཁ་བྱང་ཐོག་འབུལ་ཐུབ་པ་དགོས།
དགོས་ངེས་ཡིག་ཆ།
༡། སྙན་ཞུའི་འགེངས་ཤོག་ཚུལ་མཐུན་བཀང་སྟེ་གློག་འཕྲིན་ལྷན་དུ་མཉམ་སྦྱར་ཞུ་དགོས།
༢། དཔྱ་ཁྲལ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་འབུལ་དགོས། ༼ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ ཀྱི་ཟུང་དྲུང་ཡན་གྱི་དག་མཆན་འགོད་དགོས།༽
འཛུལ་ཞུགས་རྩ་འཛིན་ལམ་སྟོན།
- ལས་རྟགས།
༡། ལས་རྟགས་དེ་པར་རིས་ཇཱི་པེག་ (JPEG) གམ། པི་ཨེན་ཇི། (PNG) སྤྱོད་བདེའི་ཡིག་སྒྲོམ་(PDF)གང་རུང་ནང་འབུལ་དགོས།
༢། ལས་རྟགས་དེ་གྲངས་འཛིན་གྱི་བཟོ་བཀོད་དམ་ལག་པས་བྲིས་པ་གང་རུང་འབུལ་ཆོག
༣། ལག་པས་བྲིས་པའི་རི་མོའམ་གྲངས་འཛིན་གྱི་རི་མོའི་ཐིག་དང་ཚོན་ཁྲ་དེ་ཚོ་མངོན་གསལ་དོད་ལ་ཞིབ་ཚགས་པོ་དགོས།
༤། ལས་རྟགས་དེ་བོད་ཀྱི་རིག་གཞུང་གི་ཉིང་ཁུ་མཚོན་པ་དགོས།
༥། འཛུལ་ཞུགས་ཡིག་ཆའི་མཉམ་དུ་ལས་རྟགས་དང་། དེའི་འགྲེལ་བཤད་དང་མཚོན་དོན་ཁ་གསལ་བྲིས་ཏེ་འབུལ་དགོས།
- འབོད་ཚིག
༡། འབོད་ཚིག་དེ་ཐུང་ཐུང་དང་དོན་ཟབ་པོ་ཞིག་དགོས།
༢། འབོད་ཚིག་དེ་ཡིག་འབྲུ་ ༡༠ ལས་མི་འགལ་བ་ཞིག་དགོས།
༣། བོད་ཚིག་དེ་བོད་ཡིག་དང་ཨིན་ཡིག་གཉིས་ཀའི་ནང་འབུལ་དགོས།
བྱ་དགའ་གསོལ་རས།
- ལས་རྟགས།
ཨང་དང་པོར་སྒོར་༢༠༠༠༠། ཨང་གཉིས་པར་སྒོར་ ༡༠༠༠༠། ཨང་གསུམ་པར་སྒོར་ ༧༠༠༠།
- འབོད་ཚིག
ཨང་དང་པོར་སྒོར་ ༡༥༠༠༠། ཨང་གཉིས་པར་སྒོར་༨༠༠༠། ཨང་གསུམ་པར་སྒོར་༥༠༠༠།
ལམ་སྟོན་དང་ཆ་རྐྱེན།
༡། ལས་རྟགས་དང་འབོད་ཚིག་དེ་དག་ངོ་མ་ཡིན་དགོས་པ་དང་། དེས་རྒྱ་གར་གཞུང་གི་ཕྱི་ལོ་༡༩༥༧ལོའི་བསྐྱར་སྐྲུན་བདག་དབང་གི་ཁྲིམས་ཡིག་དགོངས་དོན་དང་མ་འགལ་བ་དགོས།
༢། མཉམ་ཞུགས་པ་རྣམས་ནས་འགེངས་ཤོག་ནང་རང་ཉིད་ཀྱི་ཕྱེད་པར་དང་། གློག་འཕྲིན་དང་ཁ་པར་ཨང་སོགས་ཁ་གསལ་འགོད་དགོས་པ་མ་ཟད། དོ་བདག་གི་བཟོས་པའི་ལས་རྟགས་དང་འབོད་ཚིག་ངེས་པར་དུ་ཁ་གསལ་དང་། གཙང་མ་དགོས། གསལ་ཁ་དང་གཙང་མ་མེད་རིགས་ཁག་འགྲན་བསྡུར་ནང་ངོས་ལེན་བྱ་རྒྱུ་མིན།
༣། དོ་བདག་གིས་འགྲན་བསྡུར་གྱི་ཆེད་དུ་ཕུལ་བའི་ལས་རྟགས་དང་འབོད་ཚིག་གི་བསྐྱར་སྐྲུན་བདག་དབང་དེ་ཚོ་ཆོས་རིག་ལས་ཁུངས་ལ་དབང་བ་ཡིན།
༤། མཉམ་ཞུགས་པ་གཅིག་གིས་འཚང་སྙན་འགེངས་ཤོག་གཅིག་ལས་མང་བ་འབུལ་མི་ཆོག
༥། དོ་བདག་གི་བཟོས་པའི་ལས་རྟགས་དང་འབོད་ཚིག་དེ་ཚོ་དེ་སྔ་པར་སྐྲུན་དང་གྲངས་འཛིན་བརྒྱུད་ལམ་གང་གི་ནང་དུའང་པར་བཏབ་མེད་པ་ཞིག་དགོས།
༦། རྩེ་ཕུད་སོན་པ་རྣམས་གློག་འཕྲིན་ཁ་བྱང་བརྒྱུད་ནས་གསལ་བསྒྲགས་ཞུ་རྒྱུ།
༧། དགག་བྱ་བྱུང་བའི་མཉམ་ཞུགས་པ་ཚོར་བརྡ་ཁྱབ་གཏང་རྒྱུ་མིན།
༨། ལས་རྟགས་དང་འབོད་ཚིག་དེ་དག་སྒྱུ་རྩལ་བའི་རྣམ་དཔྱོད་དང་། ངོ་མ་ཡིན་མིན། གྲུབ་ཆའི་སྒོ་ནས་འདེམས་སྒྲུག་བྱ་རྒྱུ།
༩། གཟེངས་རྟགས་བྱ་དགའ་འབུལ་ཡུལ་རྩེ་ཕུད་གསུམ་ལ་དངུལ་ཁང་བརྒྱུད་དངུལ་གཏོང་རྒྱུ་ཡིན་པས། འགྲན་བསྡུར་གྲུབ་མཚམས་བདམས་ཐོན་རྩེ་ཕུད་རྣམས་ནས་དངུལ་ཁང་གི་ཞིབ་ཕྲ་འབུལ་དགོས།
༡༠། ལས་རྟགས་དང་འབོད་ཚིག་བཟོ་མཁན་གང་ཟག་རང་ཉིད་ཀྱིས་མཉམ་ཞུགས་བྱེད་པ་མ་གཏོགས་མི་གཞན་གྱིས་བཟོས་པ་རྐུ་བཤུས་བྱེད་མི་ཆོག
༡༡། མཉམ་ཞུགས་གནང་མཁན་རྣམས་ནས་དགོས་མཁོའི་ཡིག་ཆ་དང་། འགེངས་ཤོག དོ་བདག་གི་བཟོས་པའི་ལས་རྟགས་དང་འབོད་ཚིག་བཅས་དུས་བཀག་ནང་ཚུན་འབུལ་དགོས། དེ་ལྟར་མ་བྱུང་ཚེ་འོས་ཆོས་མ་ཚང་བར་བརྩི་རྒྱུ།
སྙན་ཞུའི་འགེངས་ཤོག་འདི་ནས་ཕན་ལེན་བྱོས།