༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༣ ཉིན་སུད་སི་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་ཡོད་པ་རེད།
དེ་ཡང་ཐེངས་འདིའི་བསྐྱར་ཞིབ་ཚོགས་འདུའི་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་གྲངས་ ༡༩༣ གྱིས་རྒྱ་ནག་གི་འདས་པའི་བསྐྱར་ཞིབ་དུས་ཡུན་ལོ་བཞིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་བསྐྱར་ཞིབ་དང་འབྲེལ། སླད་མར་དེ་དོན་ཡར་རྒྱས་གཏོང་ཕྱོགས་ཇི་དགེའི་ལམ་སྟོན་གནང་ཡོད་པ་དང་། ལམ་སྟོན་གནང་མཁན་རྒྱལ་ཁབ་ཁྲོད་ཨ་རི་ཐེ་བའི་ཚོགས་མི་རྒྱལ་ཁབ་ཉི་ཤུ་རྩ་གཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་། ཡང་སྒོས་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་སོགས་བརྒྱུད་དེ་བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་བཅས་པ་རྩ་མེད་གཏོང་བྱུས་བྱེད་བཞིན་པར་ཐུགས་འཚབ་དང་སྦྲགས། ཡོང་འགྱུར་རྒྱ་གཞུང་གིས་སྟངས་འཛིན་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་འཕྲལ་དུ་ཕྱིར་བསྡུ་མཚམས་འཇོག་དང་། བོད་ནང་གི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡར་རྒྱས་གཏོང་དགོས་པའི་ལམ་སྟོན་གནང་ཡོད། སྐབས་དེར་ཨ་རིའི་གཞུང་ཚབ་མཱི་ཆུ་ལེ་ཐེ་ལོར་ལགས་ནས་རྒྱ་ནག་གཞུང་ལ་ལམ་སྟོན་དོན་ཚན་བརྒྱད་ཅན་ཞིག་གནང་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་ཆུང་གིས་མིང་ཐོ་ནང་བཀོད་ཡོད་པའི་ཞིན་ཅང་དང་། བོད། ཧོང་ཀོང་ནང་གང་འདོད་ཀྱིས་བཀག་ཉར་བྱས་པ་མང་པོ་ཞིག་ཡོད་པ་ཚང་མ་གློད་བཀྲོལ་གཏོང་དགོས་སྐོར་དང་། ཞིན་ཅང་དང་། བོད། ཧོང་ཀོང་གི་མི་སྣ་ཐེ་བའི་རྒྱ་ནག་ནང་དང་། ཕྱི་རྒྱལ་དུ་ཡོད་པའི་མི་སྒེར་ལ་བསུན་གཙེར་དང་། མྱུལ་ཞིབ། འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པ། དེ་བཞིན་མི་སྒེར་བའི་རིག་གཞུང་། སྐད་ཡིག ཆོས་ལུགས་ཡང་ན་དད་མོས་བཅས་ལ་དབྱེ་འབྱེད་མཚམས་འཇོག་དང་། བོད་དང་། ཞིན་ཅང་ནང་གཏན་འཇགས་སློབ་གྲྭ་ཐེ་བའི་བཙན་ཤེད་ཀྱིས་མི་རིགས་གཅིག་གྱུར་བཟོ་བའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་སོགས་བོད་དང་། ནང་སོག རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ། ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ལ་བརྩི་འཇོག་ཉམས་པ། ཕྱི་རྒྱལ་དུ་ཡོད་པའི་མི་སྒེར་གྱི་ཁ་འགོག་ཕྱིར་རྒྱལ་མཚམས་བརྒལ་བའི་དྲག་གནོན་བཅས་ལ་ངོ་རྒོལ་སྐྱོན་བརྗོད་གནང་ཡོད་པ་རེད།
ཐེངས་འདིའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་བསྐྱར་ཞིབ་དང་འབྲེལ་ཏེ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འགལ་གྱི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚབས་ཆེའི་སྐོར་གླེང་སློང་གནང་མཁན་གྱི་རྒྱལ་ཁབ་ཚང་མར་ང་ཚོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གིས་བཏོན་པའི་གྲོས་འཆར་ཁག་ལ་བརྩི་སྲུང་བྱེད་དགོས། དེ་བཞིན་རྒྱ་གཞུང་ལ་བོད་མི་དང་གྲངས་ཉུང་མི་རིགས་གཞན་ཚོའི་རང་དབང་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་པ་མ་ཟད། རྒྱ་གཞུང་ནས་བོད་ཀྱི་ངོ་བོ་ལ་གནོད་པའི་མི་རིགས་འདྲེས་སྦྱོར་གྱི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད།
སྤྱིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་དུས་བཀག་བསྐྱར་ཞིབ་གནང་རྒྱུའི་ལས་དོན་དེ་བཞིན་ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་༦༠།༢༥༡ དགོངས་དོན་གསར་འཛུགས་གནང་སྟེ། དུས་བཀག་བསྐྱར་ཞིབ་ཚོགས་འདུ་ཐོག་མ་དེ་ཕྱི་ལོ་ ༢༠༠༨ ལོར་གནང་ཞིང་། ད་བར་ཚོགས་མི་རྒྱལ་ཁབ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་ཟིན་ཡོད་པ་དང། བསྐྱར་ཞིབ་ཚོགས་འདུ་ཐེངས་བཞི་པ་དེ་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ནས་དབུ་འཛུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༠༡ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་བསྐྱར་ཞིབ་གནང་ཡོད། དེ་ཡང་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་དང་པོའི་སྐབས་ཚོགས་མི་རྒྱལ་ཁབ་བཞི་ཡིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ལམ་སྟོན་གནང་ཡོད་པ་དང་། དེ་རྗེས་བསྐྱར་ཞིབ་གཉིས་པའི་སྐབས་ཚོགས་མི་རྒྱལ་ཁབ་བདུན། བསྐྱར་ཞིབ་གསུམ་པའི་སྐབས་ཚོགས་མི་རྒྱལ་ཁབ་དགུ འདི་ལོའི་བསྐྱར་ཞིབ་ཐེངས་བཞི་པའི་སྐབས་ཚོགས་མི་རྒྱལ་ཁབ་ཉི་ཤུས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ཐུགས་འཚབ་དང་དེ་དོན་ཡར་རྒྱས་གཏོང་དགོས་པའི་ལམ་སྟོན་གནང་ཡོད། ཚོགས་མི་རྒྱལ་ཁབ་དེ་དག་ནི་ཨ་རི་དང་། ཨིན་ཡུལ། ཇར་མ་ནཱི། ཨོསྟྲེ་ལི་ཡཱ། ཕ་རན་སཱི། ལི་ཐུ་ནི་ཡ། ཉི་འོང། སྭི་ཌན། ནོར་ཝེ། ཨོསྟྲི་ཡཱ། སུད་སི། པོ་ལེནྜ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ནི་དར་ལེནྜ། ཨཱ་ཡར་ལེནྜ། མོན་ཊི་ནེག་རོ། ནིའུ་ཛི་ལེནྜ། ཁེ་ན་ཌ། ཌེན་མཱརྐ། ཨེསྚོ་ནི་ཡཱ་བཅས་ཡིན།
གཞི་རྩའི་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་མ་གནང་གོང་སྟེ་འདི་ཟླའི་ཕྱི་ཚེས་ ༢༢ ཉིན་ཧལ་སིན་ཀི་ཐེབས་རྩའི་གོ་སྒྲིག་འོག་སུད་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་བ་གམ་དུ། རྒྱལ་ཚོགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་དུས་བཀག་བསྐྱར་ཞིབ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གསལ་སྟོན། ཞེས་པའི་བརྗོད་གཞིའི་ཐོག་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛ་ར་ཛེ་ཡ་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཀྲས་མཐོང་བསྟན་འཛིན་ལྷ་སྒྲོན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་གསུང་བཤད་གནང་ཡོད་པ་བཅས།།