༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ ནས་ ༣༡ བར་རྒྱ་གར་མངའ་སྡེ་མ་ཧཱ་ར་ཤི་ཊྲ་ (Maharashtra) དང་། ཏེ་ལང་གྷ་ན་ (Telangana) གྷོ་ཝ་ (Goa) བཅས་སུ་བོད་དོན་གོ་རྟོགས་དང་ཞུ་སྐུལ་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པ་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་དང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་རྣམ་གཉིས་རྡ་རམ་ས་ལ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་། ཉིན་རྒྱབ་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་མངའ་སྡེ་མཱ་ཧ་ར་ཤི་ཊ་ (Maharashtra) ཡི་རྒྱལ་ས་མུམ་བྷེ་ (Mumbai) དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཧུབ་ལེ་ནས་མཁའ་ལམ་བརྒྱུད་མངའ་སྡེ་མུམ་བྷེ་ལ་འབྱོར་སྐབས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། བོད་དོན་ལས་འགུལ་བ་སྐུ་ཞབས་ (Sandesh Meshram) བོད་མིང་བསམ་གཏན་ཡེ་ཤེས་ལགས་ཀྱིས་ཕེབས་བསུ་ཞུས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་བཀའ་མངགས་ལྟར། ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཉིན་ཤས་གོང་ནས་མུ་བྷེ་གྲོང་ཁྱེར་དུ་འབྱོར་ཏེ། བོད་དོན་ཞུ་སྐུལ་གནང་ཡུལ་ཁག་ལ་འབྲེལ་བ་ཞུ་མུས་ལྟར། ཉིན་དེའི་ཕྱི་དྲོར་མུམ་བྷེ་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་ལྷན་འཛོམས་གནང་སྟེ་གོ་བསྡུར་དང་ཞིབ་ཕྲའི་མཛད་རིམ་བཟོས་གནང་ཡོད་འདུག
ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པ་མུམ་བྷེ་ས་གནས་བོད་པའི་སུད་ཚོང་ཁྲོམ་སའི་འཐུས་མི་ཁག་ཅིག་སྤྱི་འཐུས་རྣམ་པའི་བཞུགས་ཡུལ་མགྲོན་ཁང་དུ་ཕེབས་ཏེ། འདས་པའི་ལོ་མང་རིང་ས་ཆ་དེར་དགུན་ཚོང་རྒྱག་གི་ཡོད་ཀྱང་ཉེ་ཆར་རྒྱ་གར་སྐོར་སྲུང་ཉེན་རྟོག་པ་ཡོང་སྟེ་ཁྲོམ་སྟོན་བཅུག་མེད་པ་མ་ཟད། ཉེས་ཆད་ཀྱང་བཅད་ཡོད་པ་སོགས་ཀྱི་དཀའ་ངལ་ཞུས་པ་ལྟར། སྤྱི་འཐུས་རྣམ་པ་རྟོག་ཞིབ་ཏུ་བསྐྱོད་དེ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ར་ཇཱ་རམ་ (Rajaram) ལགས་དང་། སྐུ་ཞབས་ (Namdev Sable) ལགས་བཅས་དང་ལྷན་ས་གནས་གྲོང་སྡེ་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ (Vishvas P. Mote) ལགས་སུ་མཇལ་འཕྲད་ཀྱིས་དཀའ་ངལ་རྣམས་ཞུས་ཤིང་། གྲོང་སྡེ་སྤྱི་ཁྱབ་པས་དེ་མ་ཐག་ཉེན་རྟོག་ལས་ཁུངས་ལ་ཁ་པར་བཏང་སྟེ་བོད་མི་སུད་ཚོང་བ་ཚོའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་པས་རྒྱ་གར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སློབ་དཔོན་ཆེན་མོ་ཨེམ་བྷེ་ཌི་ཀར་ (Dr. B.R. Ambedkar) མཆོག་གི་ནང་པའི་སློབ་གྲྭ་ཐོག་མ་སིངྡྷ་ཐི་མཐོ་སློབ་ (Siddharth College of Artis, Science And Commerce) ཞེས་པའི་ནང་དགེ་སློབ་རྣམས་ལ་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་འཕགས་བོད་བར་གྱི་མཛའ་འབྲེལ་སྐོར་དང་། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བོད་ནང་ཆོས་དང་རིག་གཞུང་གི་གནས་སྟངས་བཅས་ཀྱི་སྐོར་ལ་གཏམ་བཤད་ཁག་གནང་གྲུབ་རྗེས། སློབ་གྲྭའི་དཔེ་མཛོད་ཁང་དང་སློབ་དཔོན་ཨེམ་བྷེ་ཌི་ཀར་གྱི་ལས་ཁུངས་བཅས་ལ་གཟིགས་སྐོར་དང་། སློབ་གྲྭ་དེའི་སློབ་སྤྱི་སྐུ་ཞབས་ (Professor Ashok Sunatkari) མཆོག་དང་ལྷན་མ་འོངས་པར་ཤེས་ཡོན་བརྗེ་ལེན་དང་གོ་རྟོགས་སྤེལ་རེས་བཅས་ཀྱི་སྐོར་ལ་གན་རྒྱ་དོན་ཚན་ ༥ ཅན་ཞིག་འཇོག་ཐུབ་པ་བྱུང་ཡོད་འདུག
སློབ་གྲྭ་དེ་ཐོག་མར་ཕྱི་ལོ་ ༡༩༤༦ ལོར་བཙུགས་ཤིང་། སློབ་དཔོན་མཆོག་གིས་གསར་འཛུགས་གནང་བའི་ནང་པའི་སློབ་གྲྭ་ཐོག་མ་ཡིན་ཞིང་། ད་ལྟའི་ཆར་སློབ་ཕྲུག་ ༤༠༠༠ ཡས་མས་ཤིག་ཡོད་འདུག ཕྱི་ལོ་ ༡༩༥༢ ནས་ ༡༩༥༦ ལོའི་བར་སློབ་དཔོན་མཆོག་སློབ་གྲྭ་དེར་བཞུགས་ཏེ། ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་རྒྱ་གར་བཅའ་ཁྲིམས་ཟིན་བྲིས་བཟོ་འགོད་བཅས་ཀྱི་ཕྱག་ལས་གནང་ཡོད་འདུག
ཉིན་རྒྱབ་སྤྱི་འཐུས་རྣམ་པ་མ་ཧཱ་ར་ཤི་ཊྲ་མངའ་སྡེ་མཉམ་འབྲེལ་ (Co-operative Society) བློན་ཆེན་སྐུ་ཞབས་(Dilip Walse Patil) མཆོག་དང་། མངའ་སྡེ་ན་གཞོན་བདེ་དོན་ལུས་རྩེད་དང་གྲུ་མཁའ་ཡར་རྒྱས་ (Sports and Port) བློན་ཆེན་སྐུ་ཞབས་ (Sanjay Bansode) མཆོག སློབ་དཔོན་ཨེམ་བྷེ་ཌི་ཀར་གྱི་ཚ་བོ་སྐུ་ཞབས་(Anandraj Ambedkar) མཆོག་བཅས་ལ་མཇལ་འཕྲད་ཞུས་ཏེ། བོད་དོན་ཞུ་སྐུལ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་དང་ཡིག་ཆ་ཁག་ཕུལ་ཡོད་འདུག