༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་རྒྱང་བཅོས་སྨན་གཏུག་ཞབས་ཞུའི་མཐུན་རྐྱེན་ (Telemedicine services) འགོ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་རྒྱང་བཅོས་སྨན་གཏུག་ཞབས་ཞུའི་མཐུན་རྐྱེན་དངོས་སུ་དབུ་འབྱེད་གནང་ཡོད་ཅིང་། སྨན་བཅོས་ཞབས་ཞུ་འདི་བརྒྱུད་མཐའ་མཚམས་ས་ཁུལ་གྱི་ནད་པ་ཚོས་ཁ་པར་དང་། གློག་གླད་སོགས་བརྒྱུད་ནས་སྨན་པ་བསྟེན་གཏུགས་ཀྱིས་ཛ་དྲག་མིན་པའི་ནད་གཞི་སྨན་བཅོས་གནང་ཐུབ།
སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ད་བར་མེའོ་ཆོས་འཕེལ་གླིང་དང་། བྷན་ད་ར་ནོར་རྒྱས་གླིང་། ར་ཝང་ལ་ཀུན་འཕེལ་གླིང་། བསྟན་འཛིན་སྒང་གཞིས་ཆགས་བཅས་སུ་རྒྱང་བཅོས་སྨན་གཏུག་ཞབས་ཞུའི་མཐུན་རྐྱེན་འགོ་བཙུགས་ཟིན་ཡོད་པ་དང་། རིང་མིན་བསུ་ན་མདའ་བཀྲ་ཤིས་བོད་མིའི་གཞིས་ཆགས་སུ་དེ་མཚུངས་མཐུན་རྐྱེན་འགོ་འཛུགས་ཞུ་འཆར་ཡོད་པ་བཅས།།