༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་དོན་ཞུ་གཏུག་དང་གཞོན་སྐྱེས་ནུས་པ་གོང་སྤེལ་གྱི་སྦྱོང་བརྡར་མཇུག་སྒྲིལ་ཡོད།
དེ་ཡང་ཕྱི་ཚེས་ ༢༦ ནས་འགོ་འཛུགས་ཞུས་པའི་ཉིན་གྲངས་གསུམ་གྱི་སྦྱོང་བརྡར་གྱི་ཐོག་མར་ཚོགས་བཅར་བ་ནང་ཁུལ་ངོ་སྤྲོད་དང་། དེ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཡན་ལག་གི་འགན་འཛིན་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ལྷན་དུ་བོད་དོན་ཞུ་གཏུག་གནང་ཕྱོགས་སྐོར་བསམ་ཚུལ་བརྗེ་ལེན་གནང་།
སྦྱོང་བརྡར་ཉིན་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་དོན་འཐབ་རྩོད་དང་། ཞུ་གཏུག་ཐབས་བྱུས་སོགས་ཀྱི་སྐོར་ལམ་སྟོན་གནང་ཡོད་པ་དང་། ཉིན་ཕྱི་མར་ཚོགས་བཅར་བ་ཐུན་མོང་ནས་བསྒྲགས་གཏམ་བཀོད་སྒྲིག་དང་འབྲེལ། ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་བརྗེ་ལེན་གནང་ཡོད།
ཉིན་མཐའ་མར་ཕྱི་འབྲེལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཕེབས་ཏེ་བོད་ཀྱི་རང་དབང་འཐབ་རྩོད་དང་། མི་དང་མིའི་འབྲེལ་ལམ། ནུས་པ་ལྡན་པའི་ཞུ་གཏུག་གནང་ཕྱོགས་སྐོར་ལམ་སྟོན་གནང་ཡོད་པ་བཅས།།