༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དང་། མཻ་སོར་ན་ག་ཧ་ལི་རྫོང་གི་སོ་ནམ་སྦྱོང་བརྡར་ལྟེ་གནས་ཁང་ཟུང་སྦྲེལ་གྱིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་། ཧུན་སུར་བོད་མི་ཞིང་པ་གྲངས་ ༥༤ ལ་སོ་ནམ་འདེབས་ལས་དང་འབྲེལ་བའི་སྦྱོང་བརྡར་གནང་ཡོད་པ་རེད།
དེ་ཡང་སྦྱོང་བརྡར་དབུ་འཛུགས་ཀྱི་ཐོག་མར་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོར་བརྡར་ཁང་གི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲིའི་ཕེབས་བསུ་དང་། མཻ་སོར་ན་ག་ཧ་ལི་རྫོང་གི་སོ་ནམ་སྦྱོང་བརྡར་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་ཡོ་གེ་ཤ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྟེ་སྦྱོང་བརྡར་དངོས་སུ་དབུ་འཛུགས་ཞུས་ཡོད། སྐབས་དེར་ཞིང་པ་རྣམས་ལ་འཚོ་བཅུད་དང་། འབུ་ངན་སྟངས་འཛིན་གནང་སྟངས་སོགས་ཀྱི་སྐོར་སློབ་སྟོན་ཞུས་པ་དང་། དམིགས་བསལ་ཤིང་འབྲས་ཚན་རིག་པ་འབུམ་རམས་པ་མུ་ར་ལི་ད་ར་ལགས་དང་། ཁྱད་མཁས་པ་ན་ཡན་དི་པག་ལགས། ར་ཇེན་དི་རན་ལགས་ནས་ཤིང་འབྲས་ལ་ལྟ་རྟོག་དང་། ཞིང་ས་སྟངས་འཛིན་བྱེད་ཕྱོགས་སོགས་ཀྱི་སྐོར་རྒྱུས་སྟོན་ཞུས་ཡོད་པ་བཅས།།