༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེསྚོ་ནི་ཡའི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་ལཱཏ་ཝི་ཡཱའི་གྲོང་ཁྱེར་རི་གར་ཕེབས་འབྱོར་སྐབས་ལཱཏ་ཝི་ཡཱ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇེ་ནི་སི་ཀུ་ལ་ལགས་ཀྱིས་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད་པ་རེད།
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཁྲིམས་དང་། བཟང་སྤྱོད། ཚུལ་ཁྲིམས་ཞེས་པའི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་ཡོད། སྐབས་དེར་ཚོགས་བཅར་བ་རྣམས་ནས་དོ་དབྱིངས་ཆེན་པོས་རིག་གཞུང་དང་། སྐད་ཡིག་གཅེས་སྲུང་། ལཱཏ་ཝི་ཡཱས་བོད་དོན་ལ་རྒྱབ་སྐྱོར་གནང་ཐབས། བོད་དང་མཉམ་འབྲེལ་རྒྱལ་ཚོགས། བོད་མིའི་སྒྲིག་འཛུགས། གཞན་སེམས་དང་འགན་ཁྲི་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར་ལན་འདེབས་གསལ་བཤད་གནང་རྗེས་ས་གནས་ཀྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསར་འགོད་པ་མཇལ་འཕྲད་དང་། ཚོགས་འདུ། གློག་བརྙན་གཟིགས་འབུལ་བཅས་ཀྱི་མཛད་འཆར་ཡོད་པ་བཅས།།