༄༅། །ཕྱི་ལོ ༢༠༢༤ ཟླ་ ༡ ཚེས་ ༢༦ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕིན་ལེནྜའི་གྲོང་ཁྱེར་ཧེལ་སིང་ཀིར་ཕེབས་འབྱོར་སྐབས་ཕིན་ལེནྜའི་ས་གནས་ཀྱི་གནམ་ཐང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཨེར་ཇ་ཝ་རི་སི་མཆོག་གིས་ཕེབས་བསུ་ཞུས་ཡོད་པ་རེད།
དེ་ཡང་ཐེངས་འདིའི་ཕྱོགས་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕིན་ལེནྜའི་གཞུང་གི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ། གཞུང་ཁོངས་མིན་པའི་ཚོགས་པའི་ཚོགས་མི། ཤེས་ཡོན་པ། ཞིབ་འཇུག་པ། དེ་བཞིན་རྩོམ་པ་པོ་སོགས་དང་མཇལ་མོལ་གནང་ཡོད།
གཞི་རྩའི་ཁ་སྔོན་ཨེ་སི་ཊོ་ཎི་ཡའི་རྒྱ་ནག་གཞུང་ཚབ་ཁང་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཕྱོགས་ཕེབས་དེར་ངོ་རྒོལ་གྱི་གསལ་བསྒྲགས་ཞིག་དྲྭ་ཐོག་ཏུ་སྤེལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་བཅས།།