༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༡༣ ཉིན་གྱི་ཐའི་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་པོའི་ནང་ཐའི་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལའི་ཆིང་ཏེ་མཆོག་ལ་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་འདུག
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དང་ཐའི་ཝན་མང་གཙོ་ཡར་ཐོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེ་ནི་ཐའི་ཝན་མི་མང་གིས་མང་གཙོ་དང་རང་དབང་གི་ལམ་སྲོལ་ལ་དགའ་མོས་བྱེད་ཀྱི་ཡོད་པའི་དཔང་རྟགས་གསལ་པོ་རེད།
བཀུས་འོས་ཚའི་ཨིང་ཝེན་(Tsai Ing-wen)མཆོག་གི་དབུ་ཁྲིད་འོག་ཏུ་ཐའི་ཝན་གྱིས་དཔའ་མཛངས་ཆེན་པོས་མང་གཙོའི་རིན་ཐང་སྲུང་སྐྱོབ་གནང་ཡོད་པ་མ་ཟད། ཁོང་མོས་དཀའ་སྡུག་ཁྱད་བསད་ཀྱིས་དཔའ་མཛངས་དང་འཆར་སྣང་ལྡན་པའི་ཐོག་ནས་ཐའི་ཝན་གྱི་ཁེ་ཕན་བརྟན་སྲུང་གནང་བ་དེ་འཛམ་བུ་གླིང་ཁྱོན་ཡོངས་ཀྱིས་ངོས་འཛིན་གནང་བཞིན་ཡོད།
སྐུ་ཉིད་ནས་ཉེ་ལམ་ཐའི་ཝན་གྱི་མ་འོངས་པ་དེ་མི་མང་གིས་ཐག་གཅད་རྒྱུ་རེད་ཅེས་གསུངས་པ་དེ་བོད་མི་རྣམས་མཚོན་ན་འབྲེལ་བ་ཆེན་པོ་ཡོད། བོད་མི་རྣམས་ནི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་ལྡན་པའི་ཐོག་བཙན་བྱོལ་ནང་དུ་མང་གཙོ་ལག་བསྟར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། རང་ཐག་རང་གཅོད་དང་རང་དབང་གི་རིན་ཐང་ལ་གཙིགས་ཆེར་འཛིན་བཞིན་ཡོད།
དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་དང་ཐའི་ཝན་བར་ལ་ཆོས་དང་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡོད་པ་མ་ཟད། ཕྱོགས་གཉིས་ཀས་མང་གཙོ་དང་མི་དང་མིའི་འབྲེལ་བར་གལ་ཆེར་བརྩི་གི་ཡོད་པ་གསུངས།
དེ་བཞིན་ཁོང་གིས། བོད་དང་ཐའི་ཝན་བར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་། དམིགས་བསལ་ཐའི་ཝན་མི་མང་ཕལ་མོ་ཆེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་བཀུར་ཆེན་པོ་གནང་བཞིན་པ་ལ་བརྟེན་ནས། བོད་མི་དང་ཐའི་ཝན་མི་མང་བར་གྱི་འབྲེལ་ལམ་དེ་མང་གཙོ་དང་མི་དང་མིའི་འབྲེལ་བ་བརྒྱུད་ཟབ་ཏུ་ཕྱིན་ཡོད། ཅེས་གསུངས་ཡོད་པ་བཅས།།