༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལཱཏ་ཝི་ཡཱའི་གཞུང་འབྲེལ་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ལི་ཐུ་ནི་ཡཱའི་གྲོང་ཁྱེར་ཝིལ་ནི་སིར་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༣༠ ཉིན་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་གནམ་ཐང་དུ་ལི་ཐུ་ནི་ཡཱའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝི་ཊི་སི་ཝིལ་དུ་ན་སི་(Vytis Vildunas)ལགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད།
དེ་ཡང་ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་བྷལ་ཊིག་རྒྱལ་ཁབ་ཁག་དང་ཕིན་ལེནྜ་གྱི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་གཞུང་འབྲེལ་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་རྣམས་ལ་ལོ་རྒྱུས་ཀྱི་ཁུངས་སྐྱེལ་བདེན་དཔང་བརྒྱུད་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་གསལ་སྟོན་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་ནི་འབྱུང་འགྱུར་ཡུ་རོབ་སྤྱི་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད།
དེ་དང་ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་འབྲེལ། བོད་རྒྱའི་དཀའ་རྙོག་ལ་བརྟེན་ནས་རྒྱལ་སྤྱི་ཁྱོན་ཡོངས་སུ་མཇུག་འབྲས་ཇི་ཡོང་དང་། བྷལ་ཊིག་རྒྱལ་ཁབ་ཁག་ཅིག་ནས་ཡུ་ཀེ་རན་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཨུ་རུ་སུ་ལྷན་ཚོང་འབྲེལ་བྱེད་པ་གཉིས་འགལ་འདུ་ཆགས་ཚུལ། དེ་བཞིན་བྷལ་ཊིག་རྒྱལ་ཁབ་དང་རྒྱ་ནག་བར་ཉོ་ཚོང་ཆ་སྙོམས་མེད་པས་རྒྱ་ནག་ལ་ཁེ་ཕན་ཐོབ་ཚུལ། རྒྱ་ནག་དང་ཨུ་རུ་སུ་བར་གྱི་ཚོང་འབྲེལ་ལ་བརྟེན་ནས་ཨུ་རུ་སུར་ཁེ་ཕན་ཐོབ་ཚུལ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྷལ་ཊིག་རྒྱལ་ཁབ་ཚོས་ཨུ་རུ་སུའི་དྲག་གནོན་མྱངས་མྱོང་ཡོད་ནའང་ཉེ་ལམ་ལཱཏ་ཝི་ཡཱའི་གྲོས་ཚོགས་འཐུས་མི་ཁག་ཅིག་གཞུང་འབྲེལ་མིན་པའི་ཐོག་རྒྱ་ནག་གཞུང་གི་མཐུན་འགྱུར་འོག་རྒྱ་ནག་ཏུ་སྐོར་བསྐྱོད་དུ་ཕྱིན་པ་དེ་ནི་བྱབ་ཆུང་ཡིན་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གདེང་ཚོད་ངོ་མ་བལྟ་རྒྱུ་ཡིན་ན། རྒྱ་གཞུང་ནས་སྟངས་འཛིན་མེད་པའི་ཐོག་ནས་སྐུ་ཚབ་ཚོགས་ཆུང་བོད་དང་ཤར་ཏུར་ཀིསྟན་དུ་གཏོང་དགོས་ཞེས་གསུངས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཛེམ་ཟོན་མེད་པའི་ཐོག་རྒྱ་ནག་དང་ཨུ་རུ་སུར་གདོང་ལེན་གནང་ཕྱོགས་བཀའ་མོལ་གནང་བ་རྣམས་ལ་མི་མང་པོས་བསྔགས་བརྗོད་དང་སྦྲགས། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིསྟན། ལྷོ་སོག ཧོང་ཀོང་། མན་ཇུ་རི་ཡ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། རང་དབང་དང་ཁྲིམས་ཀྱི་དབང་སྒྱུར། མང་གཙོའི་ལམ་སྲོལ་ལ་བརྩི་མེད་གཏོང་བཞིན་ཡོད་པར་སྐྱོན་བརྗོད་དྲག་པོ་གནང་ཡོད།
ཝིལ་ནི་སིར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་མ་ཟད། ས་གནས་ཀྱི་བོད་ཀྱི་ཞི་མདོ་(Tibet Square)ཞེས་པར་ཕེབས་ཡོད་ཅིང་། བོད་ཀྱི་ཞི་མདོ་ཞེས་པ་དེ་ནི་ས་གནས་སུ་བོད་མིའི་རང་དབང་སྒེར་ལངས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སོགས་བོད་དང་འབྲེལ་བའི་དུས་དྲན་མཛད་སྒོ་འཚོག་ཡུལ་ཞིག་ཡིན་པ་བཅས།།