༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཐའེ་ཝན་སྲིད་འཛིན་སྐུ་ཞབས་ལའི་ཆིང་ཏེ་ (Lai Ching-te) མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག
དེ་ཡང་འཚམས་འཕྲིན་ནང་འཁོད་དོན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛམ་གླིང་གང་སར་གནས་པའི་བོད་མིའི་ཚབ་ཞུས་ཏེ། སྐུ་ཉིད་ཐའེ་ཝན་སྲིད་འཛིན་ཐོག་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
ཐའེ་ཝན་གཞུང་མང་གཉིས་ནས་དུས་རྟག་ཏུ་མང་གཙོའི་རིན་ཐང་གོང་སྤེལ་གཏོང་བའི་སྣེ་ཁྲིད་གནང་ཡོད་པ་དང་། འོས་བསྡུ་འདིས་ཐའེ་ཝན་མང་ཚོགས་ནས་མང་གཙོའི་ཆེད་དུ་དམ་བཅའ་བརྟན་པོ་ཡོད་པ་བསྐྱར་དུ་གསལ་སྟོན་གནང་ཡོད།
བཙན་བྱོལ་བོད་མིའི་མང་གཙོ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ལ་སྩལ་བའི་ལེགས་སྐྱེས་ཤིག་ཡིན་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ནི་བོད་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་དང་མགྲིན་ཚབ་པ་ཡིན།
ང་ཚོས་ཐའེ་ཝན་མང་གཙོ་ཐེབས་རྩ་ཁང་དང་མཉམ་འབྲེལ་ཐོག་ཕན་ཚུན་ཐུན་མོང་གི་ཁེ་ཕན་ཡོད་པའི་སྐོར་ལ་སྦྱངས་བཤད་བྱེད་མྱོང་ཡོད་པ་མ་ཟད། ང་ཚོས་མ་འོངས་པར་མི་དང་མིའི་དབར་གྱི་འབྲེལ་ལམ་གོང་མཐོར་གཏོང་ཆེད་ཕན་ཚུན་འབྲེལ་ལམ་དེ་སྔར་ལྷག་སྲ་བརྟན་དུ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད།
ངས་སླར་ཡང་སྐུ་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་ལས་ཡུན་རིང་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་སོགས་མ་འོངས་པའི་ལས་དོན་མཐའ་དག་ལམ་ལྷོངས་དང་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །