༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དང་བླངས་དཔྱ་དངུལ་ཚན་པའི་འབྲེལ་ལས་པདྨ་བདེ་ཆེན་ལགས་དང་། ཆོས་སྐྱིད་སྒྲོལ་མ་ལགས། བཟོད་པ་རྒྱ་མཚོ་ལགས་བཅས་ནས་ཇར་མ་ནཱི་དང་། ཨོསྟྲི་ཡཱ་གནས་སྡོད་བོད་མིའི་དང་བླངས་དཔྱ་དེབ་གསར་བཟོ་དང་། ནོར་བཅོས་དགོས་རིགས་སོགས་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༢ ནས་ ༢༧ བར་སུད་སི་དང་ལེག་ཊིན་ཚིན་གནས་སྡོད་བོད་མིའི་དཔྱ་དངུལ་ལག་གསར་བཟོ་ནོར་བཅོས་ཀྱི་ལས་དོན་སྤེལ་འགོ་བཙུགས་ཡོད།
དེ་ཡང་དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ལས་རྣམས་ནས་ཇར་མ་ནཱི་གནས་སྡོད་བོད་མི་གྲངས་ ༡༨༠ དང་། ཨོསྟྲི་ཡཱ་གནས་སྡོད་བོད་མི་གྲངས་ ༡༩༠ ཡི་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། སྐབས་དེར་ས་གནས་བོད་རིགས་ཚོགས་པ་དང་ས་གནས་མི་མང་ནས་སུད་སི་དོན་ཁང་ལ་རྒྱབ་སྐྱོར་གང་ལེགས་གནང་ཡོད་པ་རེད། སྤྱིར་དཔྱ་དངུལ་འདི་ནི་བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་དང་བརྩི་མཐོང་གི་མཚོན་བྱེད་དུ་མ་བསྐུལ་དང་བླངས་ཀྱིས་ཕྱི་ལོ་ ༡༩༧༢ ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་དུ་ཐག་བཅད་གྲོས་ཆོད་བཞག་པ་ལྟར་རང་མོས་དང་བླངས་ཀྱིས་འབུལ་སྒྲུབ་དགོས་པའི་དཔྱ་དངུལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༣ པའི་ནང་གསེས་ ༤ པར་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པ་བཅས།།