༄༅། །འདི་གར་ཐའི་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལམ་སྟོན་འོག ཐའེ་ཝན་ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་སྡེ་ཚན་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཐུན་ཚོགས་བཅས་མཉམ་རུབ་ཐོག་ཐའེ་ཝན་གྱི་མངའ་སྡེ་ཤིན་ཀྲུར་(Xingzhu)ཡོད་པའི་ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་སྐོར་གྱི་གླེང་སྟེགས་ཆེན་མོ་དང་། སྐབས་དང་པོའི་ཆོས་ཚོགས་ཁག་གི་ལས་དོན་ཚོགས་འདུ་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།
ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ནས་ཚོགས་འདུ་བསྐོངས་ཚོགས་དགོས་པའི་དགོས་པ་དམིགས་ཡུལ་སྐོར་གསུང་བཤད་གནང་རྗེས་ཐའེ་ཝན་ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་སྦྱིན་བདག་ཆེན་མོ་ལྕམ་སྐུ་(Xingguan)མཆོག་དང་སློབ་སྤྱི་སྐུ་ཞབས་(Dr. Chien, Shao -Chi) ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་སྡེ་ཚནགྱི་ཚོགས་གཙོ་བཙུན་མ་(Shih Chao-hwei) ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས། བསླབ་གསུམ་ཆོས་ཚོགས་ཀྱི་ཚོགས་གཙོ་དང་པོ་ཁྲེན་མིང་རུ་(Chen Ming-Ru) ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་པོ་ཀྲོང་ཏྲི་(Zhong Zhi) བཅས་ནས་ཚོགས་འདུའི་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་ཡོད། དེ་ནས་ཚོགས་ཐུན་གཉིས་པའི་ཐོག་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་དང་། དོན་ཁང་གི་ཀུན་གསལ་འོད་སྣང་རྩོམ་སྒྲིག་པ་འབུམ་རམས་མ་ལེའུ་ཧུའུ་ཅོན་ (Liu Huijuan) ལགས་གཉིས་ནས་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་སྐོར་གསུང་བཤད་དང་དྲི་བ་དྲི་ལན་གནང་ཡོད་པ་དང་། ཉིན་གུང་ཞལ་ལག་གི་རྗེས་སུ་ཆེད་དུ་གདན་འདྲེན་ཞུས་པའི་ཐའེ་ཝན་མཁས་དབང་སློབ་དཔོན་ཆེན་པོ་ལིའུ་ཡུ་ཀོའང་ (Liu Yu Guan) ལགས་དང་ཝོང་ཧྲི་ཅེ་ ( Weng Shi Jie) ལགས། སློབ་དཔོན་ཆེན་པོ་ལྕམ་ཕང་མེ་ལིང (Pan Mei Lin) ལགས། ཚོགས་གཉིས་ཆོས་ཚོགས་ཀྱི་ལག་བསྟར་འགན་འཛིན་སྐུ་ཞབས་གོ་ཅི་རུལ་ (Guoji Rui) ལགས་བཅས་ནས་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་སྐོར་གྱི་དཔྱད་རྩོམ་སྒྲོག་སྦྱངས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་དུ་གདན་འདྲེན་ཞུ་རྒྱུར་ཐའེ་ཝན་མང་ཚོགས་ཀྱི་ལངས་ཕྱོགས་ཞེས་པའི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
ཉིན་རྒྱབ་ཚོགས་ཐུན་བཞི་པ་ནི་མདུན་ལྕོག་སྒོར་མོའི་གླེང་སྟེགས་ཡིན་ཞིང་། སྐབས་དེར་བོད་ཀྱི་ཆོས་བརྒྱུད་རྙིང་མའི་སྐུ་ཚབ་མཁན་པོ་ཀཿཐོག་ཪིག་འཛིན་ཆེན་པོ་ལགས་དང་། བཀའ་བརྒྱུད་པའི་སྐུ་ཚབ་མཁན་པོ་འཕྲིན་ལས་རྣམ་རྒྱལ་ལགས། ས་སྐྱ་པའི་སྐུ་ཚབ་མཁན་པོ་ངག་དབང་མཁས་སྒྲུབ་ལགས། དགེ་ལུགས་པའི་སྐུ་ཚབ་ལྷ་རམས་དགེ་བཤེས་བློ་བཟང་དབང་ཕྱུག་ལགས་བཅས་ནས་སོ་སོའི་ཆོས་བརྒྱུད་ངོ་སྤྲོད་དང་འབྲེལ་ཐའེ་ཝན་དུ་བྱུང་རིམ་དང་ད་ལྟའི་གནས་བབ། མ་འོངས་འཕེལ་ཕྱོགས་སྐོར་ལ་གསུང་བཤད་གྲུབ་རྗེས། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས་དང་། ཞོན་གཙང་གཙུག་ལག་སློབ་གཉེར་ཁང་གི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་ཧྭ་ཤེན་རིན་པོ་ཆེ། གཞན་ཡང་དོན་ཁང་གི་སློབ་སྟོན་པ་སྐུ་ཞབས་ཀྲུང་ཀྲི་ (Zhong Zhi) ལགས་དང་། དོན་ཁང་གི་སློབ་སྟོན་པ་ལྕམ་སྐུ་ཁྲིན་མེ་རུབ་(Chen Ming-Ru) ལགས། དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ལིའུ་ཅིན་ཚལ་(Liu Jin Chai) ལགས་བཅས་ནས་བགྲོ་གླེང་ལ་མཉམ་ཞུགས་ཀྱིས་དགོངས་ཚུལ་བརྗེ་ལེན་གནང་ཡོད།
ཚོགས་འདུའི་ཉིན་གཉིས་པར་ཚོགས་བཅར་བ་ཡོངས་རྫོགས་ཚོགས་ཆུང་གསུམ་དུ་ཆ་བགོས་ཀྱིས་ཆོགས་ཆུང་ཐོག་མ་འོངས་པར་ཐའེ་ཝན་དུ་ས་ག་ཟླ་བ་ལྟ་བུས་མཚོན་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་རིས་སུ་མ་མཆིས་པ་ཐུན་མོང་ནས་གཅིག་གྱུར་གྱི་བྱེད་སྒོ་སྤེལ་ཐབས་དང་། ཐའེ་ཝན་དུ་ཡོད་པའི་ཆོས་ཚོགས་ཁག་གི་སློབ་གཉེར་ཡར་རྒྱས་དང་ཕན་ཚུན་ཐུགས་སྣང་དམ་ཚིག་སྔར་ལྷག་བཟང་དུ་གཏོང་ཐབས། ཆོས་ཚོགས་ཁག་དང་སྐུ་ཚབ་དོན་གཅོད་ལས་ཁུངས། ཐའེ་སྡོད་བོད་རིགས་ཚོགས་པ་བཅས་ཐུན་མོང་ནས་བོད་ཀྱི་ཆོས་དང་རིགས་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱིས་མ་འོངས་ཐའེ་ཝན་དུ་ཡོད་པའི་བོད་པའི་གཞོན་སྐྱེས་དང་ཕྲུ་གུ་ཚོར་འཇག་ཐབས། བོད་བརྒྱུད་ནང་བསྟན་གྱིས་དེང་དུས་ཟང་ཟིང་གི་སྤྱི་ཚོགས་ལ་ཞབས་འདེགས་ཇི་ལྟར་སྒྲུབས་ཐབས་ཡོད་མེད་སོགས་ལ་བགྲོ་གླེང་དང་བགྲོ་གླེང་སྙན་ཐོ་ཚོགས་ཆེན་སྟེང་སྙན་སྒྲོན་དང་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་པ་བཅས།།