༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༠ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༢ བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞིའི་སྐོར་གོ་རྟོགས་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཆོས་རིག་ལས་ཁུངས་ངོ་སྤྲོད་དང་འབྲེལ། བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་ཆོས་རིག་ལས་ཁུངས་ནས་སྤེལ་བཞིན་པའི་ལས་གཞི་ཁག་ངོ་སྤྲོད་གནང་། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞིའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ལས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུས་ཏེ། ལས་གཞིར་ཞུགས་རྒྱུའི་ཆ་རྐྱེན་དང་། འདེམས་ཕྱོགས། ལག་བསྟར་བྱེད་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ལས་གཞིའི་གོ་རྟོགས་སྤེལ་སྐབས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་སེ་ར་བྱེས་དགོན་པའི་ཡིག་སྒྱུར་ཚན་པར་བསྔགས་བརྗོད་དང་སྦྲགས། ད་ལྟའི་ཆར་སྤེལ་བཞིན་པའི་ཡིག་སྒྱུར་གྱི་ལས་གཞི་ཁག་གི་སྐོར་གྲོས་མོལ་གནང་ཡོད་པ་རེད།
ཆོས་རིག་ལས་ཁུངས་ནས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞིའི་སྐོར་གོ་རྟོགས་སྤེལ་བ་བརྒྱུད་བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱི་འབད་རྩོལ་གནང་བཞིན་ཡོད་པ་དང་། ལས་གཞི་འདི་བརྒྱུད་བཙན་བྱོལ་ནང་དུ་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ཐོག་ལས་དོན་གཉེར་བཞིན་པ་རྣམས་ལ་རྒྱབ་སྐྱོར་ཕན་གྲོགས་གནང་གི་ཡོད།
སྤྱིར་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལས་གཞི་དེ་ཉིད་ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རིའི་རོགས་ཚོགས་ཀྱིས་དཔལ་འབྱོར་མཐུན་འགྱུར་གནང་ཡོད་པ་དང་། འདས་པའི་ལོ་ངོ་དྲུག་རིང་ལས་གཞི་འདི་བརྒྱུད་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ཐོག་ཕྱག་ལས་གནང་མཁན་ཚོགས་སྒེར་ཁག་ ༡༤༠ ལྷག་ལ་མཐུན་འགྱུར་ཞུས་ཡོད་པ་བཅས།།