༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ཉིན་ཨོསྟྲེ་ལི་ཡཱ་དང་ནིའུ་ཛི་ལེནྜ་གནས་སྡོད་རྒྱ་ནག་དམར་ཤོག་ཚོགས་པའི་གཉའ་གནོན་མྱངས་མྱོང་མཁན་མཐུན་ཚོགས་ (Victims of the Chinese Communist Regime) ཞེས་པའི་ཚོགས་པའི་གོ་སྒྲིག་འོག་སིཊ་ནི་གྲོང་སྡེའི་ཚོགས་ཁང་གི་བཞི་མདོར་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
དུས་དྲན་མཛད་སྒོའི་ཐོག་ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་མཉམ་ཞུགས་ཀྱིས་རྒྱ་ནག་གི་མི་སེར་སྤེལ་རྒྱུའི་སྲིད་བྱུས་འོག་གཏན་འཇགས་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་འཇུག་གིས་རང་གི་ཕ་སྐད་སྦྱོང་སྤྱོད་བྱེད་མི་འཇུག་པ་དང་། དེ་བཞིན་ཕྱི་ལོ་ ༡༩༨༨ ལོར་བོད་ནང་དགེ་འདུན་པ་བཅུ་ཡིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བོད་ཡིག་ཏུ་བསྒྱུར་ཏེ་འགྲེམས་སྟོན་གནང་བར་དགེ་འདུན་པ་རྣམས་འཕྲལ་དུ་བཙོན་འཇུག་བྱས་ཡོད་ཚུལ་དྲན་གསོ་གནང་བ་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཛ་དྲག་གནས་སྟངས་གསལ་སྟོན་གནང་ཡོད། དེ་རྗེས་སིཊ་ནིའི་འཕྲུལ་རིག་གཙུག་ལག་སློབ་གཉེར་ཁང་གི་ (University of Technology) གཙུག་ལག་སློབ་དཔོན་ཕེང་ཅོང་ཡི་ལགས་ཀྱིས་རྒྱ་ནག་དམར་གཞུང་ནི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ཡིན་པ་དང། རྒྱ་ནག་དམར་ཤོག་ཚོགས་པས་ཉེས་མེད་མི་མང་ས་ཡ་བརྒྱད་ལྷག་སྡེབ་གསོད་བཏང་ཡོད་པ་མ་ཟད། ད་དུང་མུ་མཐུད་རྒྱ་རིགས་དང་། བོད་མི། ཧོང་ཀོང་བ། ཐེ་ཝན། དེ་བཞིན་གྲངས་ཉུང་མི་རིགས་གཞན་མང་པོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་སྐོར་གསུངས།
དེ་ནས་ཨོསྟྲེ་ལི་ཡཱ་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པ་མེ་ཧེ་མེཊ་སི་ལེ་པི་སི་ (Mehmet Celepci) ལགས་ཀྱིས་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་བྱུས་ལ་འགྱུར་བ་བཏང་བ་ནས་བཟུང་ཡུ་གུར་བ་ས་ཡ་མང་པོ་བཙོན་ཁང་དང་། ངལ་རྩོལ་བསྒྱུར་བཀོད། སློབ་གསོའི་སྒར་བཅས་སུ་བཏང་ཡོད་པ་དང་། ཡུ་གུར་བ་རྣམས་ཀྱིས་ལུས་སེམས་གཉིས་ཐད་ནས་གདུག་རྩུབ་ཀྱི་མནར་གཅོད་མྱངས་ཡོད་ལུགས་སོགས་གསུངས།
ཧོང་ཀོང་མི་མང་བརྗེ་ལེན་ (Hong Kong People’s Exchange) ཞེས་པའི་ཚོགས་པའི་སྐུ་ཚབ་སྐུ་ཞབས་ཝི་ལི་ཡམ་ཧོ་ (William Ho) ལགས་ཀྱིས་རང་གི་ཨ་ཕའི་མི་རབས་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་འོག་གདུག་རྩུབ་མནར་གཅོད་མྱངས་བའི་སྒེར་གྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པ་རེད།
འདུ་འཛོམས་དེར་ཁྱོན་ཚོགས་པ་འདྲ་མིན་བཅུ་ལྷག་གི་སྐུ་ཚབ་ཚོས་གསུང་བཤད་གནང་སྟེ། རྒྱ་ནག་དམར་ཤོག་ཚོགས་པས་ད་བར་འཛམ་བུ་གླིང་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་རྣམས་གསལ་སྟོན་གནང་ཡོད་པ་བཅས།།