༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ་ཉིན་ཝ་ཤིན་ཊོན་དུ་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོའི་བཞུགས་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུས་འདུག
སྐབས་དེར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་མཉམ་ཞུགས་གནང་ཡོད་པ་མ་ཟད། གཞན་ཡང་ཀྱུ་བ་རང་དབང་ལྟེ་གནས་ཁང་གི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།
མཛད་སྒོའི་ཐོག་མར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་མི་ལའོ་སི་ལ་ཝེ་ (Miloslav Stašek) ལགས་དང་། ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་ར་མེ་ཛི་ཨ་བྷོ་ཨེ་ཌི་(Ramzi Abu-Eid) ལགས། ཕྱི་འབྲེལ་རིག་གཞུང་སྡེ་ཚན་གྱི་འགན་འཛིན་ཇན་ཝོ་སི་ཀ་ (Jan Woska) ལགས་བཅས་ཀྱིས་མཛད་སྒོ་འདིའི་རྒྱབ་ལྗོངས་ངོ་སྤྲོད་དང་སྦྲགས། སྤྲོ་སེམས་འཁོལ་བའི་ངང་སྐུ་མགྲོན་རྣམས་ལ་སྣེ་ལེན་ཞུས།གཞུང་ཚབ་མི་ལའོ་སི་ལ་ཝེ་ལགས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་དེ་གལ་གནད་ཆེ་ཤོས་ཤིག་ཡིན་ལུགས་དང་། ཁོང་གིས་རྒྱ་གར་དུ་ཅེཀ་གཞུང་ཚབ་ཀྱི་ལས་འཁུར་གནང་སྐབས་གཟིམ་ཤག་ཏུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐོར་སོགས་ཀྱི་དྲན་གསོ་གནང་ཡོད།
རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་གཞུང་ཚབ་ཆེན་མོ་མཆོག་ལ་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བ་དང་ཆབས་ཅིག ཁོང་གིས་ཕྱི་འབྲེལ་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་གལ་ཆེར་བརྩིས་ཏེ་བོད་ཀྱི་སྐུ་ཚབ་དོན་ཁང་ལ་མགྲོན་འབོད་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས།
གཞན་ཡང་ཁོང་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་བློན་ཆེན་ལྷན་ཚོགས་སྐོང་འཚོགས་གནང་བ་དང་། བོད་ཀྱི་སྐུ་ཚབ་རྣམས་ལ་བོད་ནང་ཆོས་ཕྱོགས་ཀྱི་གནད་དོན་སྐོར་སྙན་སེང་ཞུ་ཡུལ་གོ་སྐབས་གནང་བར་ཐུགས་རྗེ་ལེགས་གསོལ་ཞུས་ཡོད་པ་བཅས།།