༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བློ་བཟང་སྒྲོལ་དཀར་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་རེད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་གྱི་དགའ་ལྡན་འཕེལ་རྒྱས་གླིང་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་ཐའེ་ཝན་ཆོས་ཞུ་བ་ཁག་ཅིག་ནས་ཐའེ་ཝན་སྐད་ཐོག་ཤེས་རབ་སྙིང་པོའི་མདོ་གསུང་འདོན་གནང་བ་དང་འབྲེལ། དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་བོད་སྐད་དུ་ཤེས་རབ་སྙིང་པོའི་མདོ་གསུང་འདོན་གནང་རྗེས་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་སྒྲུབ་ཞག་བྱེད་ཀྱི་ཡིན། ཁྱོད་ཚོས་ཨ་ར་པ་ཙ་བགྲང་གསོག་བྱོས། ང་ཚོས་ནམ་རྒྱུན་འདོན་བཞིན་པའི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་བརྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་མ་རྒྱས་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །ཞེས་གསུང་པ་བཞིན་སངས་རྒྱས་པའི་ཆོས་ཀྱི་ནང་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་ལ། བཅོམ་ལྡན་འདས་ཀྱང་སྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་མཐར་གནས་མཆོག་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོད། རྟག་པ་རང་འབྱུང་གི་སྐྱེས་བུ་ཞིག་ཆགས་ཀྱི་མེད།སྟོན་པས་ལམ་ལ་བསླབ་ནས་སྤངས་བྱ་སེམས་རྒྱུད་ཀྱི་དྲི་མ་བག་ཆགས་དང་བཅས་པ་སྦྱང་ཞིང་། དེའི་འབྲས་བུར་ཆོས་རྣམས་ཀྱི་གནས་ལུགས་ཇི་མ་ཇི་བཞིན་ཐུགས་སུ་ཆུད་ནས་གདུལ་བྱའི་ཁམས་དང་མོས་པར་འཚམ་པའི་ཆོས་ཀྱི་གནས་ལུགས་སྟོན་པ་པོ་ཞིག་ཆགས་ཡོད་པ་རེད། ཁོང་གིས་ཉམས་མྱོང་ཐོག་འབྲས་བུ་སྡུག་བསྔལ་བདེན་པ་དང་། རྒྱུ་ཀུན་འབྱུང་བདེན་པ། ཞེས་ཀུན་འབྱུང་བདེན་པ་ནི་མི་ཤེས་པའི་དབང་གིས་ཡིན་པ་གསལ་པོར་གསུངས་ཏེ་ཕྱིན་ཅི་མ་ལོག་པའི་བློ་བག་ཆགས་དང་བཅས་པ་བྱང་ཐུབ་པ་དང་། དྲི་མ་སྤངས་པའི་བྲལ་བའི་ཡོན་ཏན་ཞིག་ཐོབ་རྒྱུ་ཡོད་པ་གསུངས་པ་ལས་ང་རང་ཚོའི་རྒྱུད་ལ་རེ་བ་དང་སྤོབས་པ་སྐྱེས་པའི་རྒྱུ་ཞིག་འདུག དོན་དེ་དག་དགོངས་ནས་བདག་ཉིད་བདག་གི་མགོན། ཞེས་གསུངས་ཡོད་པས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལྟ་བུར་གསོལ་བ་འདེབས་ཏེ་སྐྱབས་སུ་མི་འགྲོ་བར། རང་རྒྱུད་ཀྱི་སྐྱོན་གཉེན་པོ་བསྟེན་པའི་སྟོབས་ཀྱིས་བྲལ་བའི་ཡོན་ཏན་སོ་སོར་ཐོབ་པ་དེ་བདག་ཉིད་བདག་གི་མགོན་ཡིན་པ་གསལ་པོ་རེད།སྤྱིར་ཆོས་ལུགས་ཚང་མས་གཞན་ཕན་དང་སེམས་པ་བཟང་པོའི་སྐོར་གསུངས་ཀྱི་ཡོད་ལ་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་གལ་ཆེ། ང་རང་ཚོ་ནང་པ་སངས་རྒྱས་པའི་གནས་ཆེན་འདི་གར་ཆོས་གྲོགས་ཚང་མ་ལྷན་འཛོམས་ཀྱིས་བདག་ཉིད་བདག་གི་མགོན་ཞེས་པའི་ཐོག་བསམ་བློ་གཏོང་དགོས། མ་འོངས་གང་ཡོང་མིན་རང་ཉིད་ལག་ཏུ་ཡོད་པ་མ་གཏོགས་འཇིག་རྟེན་བཀོད་པ་པོ་གཅིག་གིས་གཞན་དབང་དུ་མེད་པ། གང་ལྟར་རང་ཉིད་ཀྱི་སྐྱོན་རྣམས་སོ་སོས་འདུལ་དགོས་པར་བརྟེན་བདག་ཉིད་བདག་གི་མགོན་ཞེས་པ་ནི་ཧ་ཅང་གི་གལ་གནད་ཆེན་པོ་རེད་འདུགདེ་བཞིན་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ཡིན་པ་ཤེས་པ་དང་། རྒྱུ་ཀུན་འབྱུང་མ་རིག་པ་ནི་ཕྱིན་ཅི་ལོག་པའི་བློ་ཡིན་པ་ཤེས་དུས། དེར་གཉེན་པོ་སྟོབས་ལྡན་ཡོད་པ་དེ་རང་རྒྱུད་དུ་སྐྱེས་ནས་སྤང་བྱ་སྤངས་པའི་བྲལ་བའི་ཡོན་ཏན་ཐོབ་ཐུབ་པ་ནི་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་ལུགས་རེད་འདུག ངོས་རང་ལ་མཚོན་ན་ཆུང་དུས་ནས་དཔེ་ཆ་བལྟས་པའི་སྟོབས་ཀྱིས་བསམ་བློ་གཏོང་དུས་སྤང་བྱ་སྤངས་པས་བྲལ་བའི་ཡོན་ཏན་དེ་རིམ་བཞིན་ཐོབ་ཀྱི་ཡོད་པ་ནི་རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་ཚུལ་ཡིན་པ་མཐོང་གི་འདུག་ལ། དེར་བརྟེན་ནས་བསླབ་པ་གསུམ་དང་ལམ་ཉམས་ལེན་བྱ་རྒྱུའི་སེམས་ཤུགས་ཀྱང་རྙེད་ཐུབ་ཀྱི་འདུག གང་ལྟར་སངས་རྒྱས་ཀྱི་ཆོས་ནི་རིག་པ་དང་ལྡན་པ། སྤོབས་པ་སྐྱེས་དགོས་པ་ཞིག་ཆགས་བསྡད་ཡོད་པ་གསལ་པོ་རེད། དེ་བཞིན་མགོན་པོ་མཆོག་གིས་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་འབྲེལ་བཀའ་སློབ་སྩལ་དོན། བྱང་ཆུབ་ཀྱི་སེམས་ནི་གཞན་དོན་ཡིན་ཏེ་དོན་ངོ་མར་རང་ཉིད་ཀྱི་སེམས་ཞི་བདེ་དང་སྙིང་སྟོབས་ལྡན་པ་ཞིག་ཡོང་ཐུབ་པ་དེ་ཡིན། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་སྐྱེས་པར་བགྱིས། །བྱང་ཆོབ་མཆོག་གི་སེམས་ནི་སྐྱེས་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །ཞེས་རང་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས། བཅས་དེ་འདྲའི་ཡིད་དུ་འོང་བའི་བྱང་ཆུབ་ཀྱི་སེམས་ནི་རང་གཞན་གཉིས་ཀར་ཕན་ཐོགས་རྒྱ་ཆེན་པོར་སྒྲུབ་ཐུབ་པ་དེ་གང་ཐུབ་ཐུབ་ཉམས་ལེན་བྱེད་དགོས། ངོས་ཀྱང་ཞོགས་པ་ཡར་ལངས་སྐབས་བྱང་ཆུབ་ཀྱི་སེམས་ཐོག་བསམ་བློ་ནན་ཏན་གཏོང་གི་ཡོད་པས་སེམས་ཀྱི་ཞི་བདེ་ངོ་མ་དང་སྙིང་སྟོབས་ཡོང་གི་འདུག འདིར་འཛོམས་པའི་ཆོས་གྲོགས་ཚང་མས་སེམས་བསྐྱེད་བཟང་པོའི་ཐོག་བསམ་བློ་གཏོང་བ་ཡིན་ན་འཕྲལ་དུ་བདེ་བ་དང་། ཕུགས་སུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་བྱེད་མཁན་ཡིན་སྟབས། ཚང་མས་བྱང་ཆུབ་སེམས་ཀྱི་སྐོར་དགོངས་པ་ཡག་པོ་བཞེས་རོགས།
སྐབས་སུ་བབ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་རེད། འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ནི་ངོས་རང་ཆུང་དུས་སྐུ་འབུམ་གྱི་ལྷ་ཁང་དུ་ཕྱིན་སྐབས་ཕྲུ་གུ་ཚོས་ཨ་ར་པ་ཙ་བགྲང་པ་གོ་བསྡད་ཀྱིན་ཡོད། དེ་ངོས་ཀྱི་ཟུངས་སྔགས་ཀྱི་སྒྲ་ཐོག་མར་ཆགས་བསྡད་ཡོད། བྱས་ཙང་ད་རེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བྱེད་པའི་གོ་སྐབས་ཐོབ་པར་ང་རེས་ཞེ་དྲགས་དགའ་པོ་བྱུང་། ངོས་དུས་རྒྱུན་དུ་རྗེ་བཙུན་འཇམ་པའི་ལྷག་པའི་ལྷར་བརྩིས་ཏེ་ཨ་ར་པ་ཙ་བགྲང་གི་ཡོད་པ་དང་། དེས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་ཏེ་བདེན་བཞི་དང་བདེན་གཉིས་སོགས་ཀྱི་གོ་བ་སླ་རུ་རྟོགས་ཐུབ་ཀྱི་འདུག ཅེས་བཀའ་སློབ་སྩལ་རྗེས་སྒྲུབ་ཞག་རིང་ཆོས་ཞུ་བ་ཡོངས་ནས་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་བགྲང་དགོས་པའི་བཀའ་ཕེབས་ཏེ་སྒུབ་ཞག་མཛད། སྒྲུབ་ཞག་གྲུབ་མཚམས་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ནས་ཕྱག་ན་པད་དཀར་འཆང་བ་ཞེས་པའི་གཟེངས་རྟགས་ཞིག་འབུལ་བཞེས་མཛད་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་རིམ་པར་སྩལ་གྲུབ་མཚམས་མགོན་པོ་མཆོག་ལ་མཎྜལ་འདེགས་འབུལ་ཞུས་པ་དང་། མཐར་ཆུ་ཚོད་ ༩།༣༠ ཙམ་ལ་དད་ལྡན་ཆོས་ཞུ་བ་རྣམས་ནས་རྗེ་ཙོང་ཁ་པའི་བསྟོད་ཚིག་དང་བྱང་ཆུབ་སེམས་མཆོག་གི་ཚིགས་བཅད་དང་སྦྲགས་ཐེངས་འདིའི་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་གི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ་བཅས།།