༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་ནང་ཆོས་ངོ་སྤྲོད་དང་། ཆོས་དབྱིངས་བསྟོད་པའི་བསྡུས་དོན། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༧།༤༥ ཙམ་ལ་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་སྤོས་སྣེས་མདུན་བསུ་དང་བཅས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་གར་གྱི་སློབ་ཕྲུག་ཕོ་མོ་བཅུ་གྲངས་ཀྱིས་ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་ཞིང་། བྱང་རྩེ་ཆོས་རྗེ་མཆོག་དང་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། གཞན་ཡང་གསུང་ཆོས་སྦྱིན་བདག་བཅས་ནས་རིམ་པར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་སྩལ་དོན། དེ་རིང་གནས་ཁྱད་པར་ཅན་གནས་མཆོག་རྡོ་རྗེ་གདན་དུ་ཡུལ་གྲུ་ཁག་མང་པོ་ནས་འཛོམས་ནས་སྨོན་ལམ་རྒྱག་པའི་གོ་སྐབས་འདི་ལྟ་བུ་ཞིག་བྱུང་བ་རེད། འདིར་མི་མང་ཚང་མར་ཞུ་རྒྱུར། སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང་། །བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི། །བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། །གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས། །ཞེས་གསུང་སྐབས་སྲོག་ཆགས་འབུ་སྲིན་ཚུན་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་པ་རེད། ང་ཚོ་མི་ལ་མཚོན་ན་དེ་བས་ཀྱང་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་མཚུངས་རེད། མི་ལ་བསལ་བློ་གཏོང་རྒྱུ་ཡོད་པས་འཕྲལ་སེལ་གྱི་མཐོང་བ་མངོན་གྱུར་ཙམ་མིན་པར་སྡུག་བསྔལ་ཉུང་དུ་གཏོང་བ་དང་། བདེ་བ་མང་དུ་འགྲོ་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། སྡུག་བསྔལ་སེལ་ཞིང་བདེ་བ་ལྡན་པའི་ཐབས་ཤེས་ལ་བསམ་བློ་གཏོང་གི་ཡོད་ཀྱང་། མང་པོ་ཞིག་གིས་བསམ་བློ་རྒྱ་ཆུང་ཆུང་སོ་སོའི་ཁོར་ཡུག་གི་གནས་ཚུལ་རྐྱང་བ་མ་གཏོགས་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་ཀྱི་མི་འདུག འཛམ་གླིང་འདིར་མི་ཚང་མ་སྡུག་བསྔལ་མི་འདོད་ཅིང་། བདེ་བ་འདོད་པ་ཤ་སྟག་རེད་དེ་རྙོག་གྲ་མང་པོ་ཞིག་ང་ཚོ་མིས་བཟོས་པ་ཧ་ཅང་གསལ་བོ་རེད། བསམ་བློ་རྒྱ་ཆེ་ས་ནས་གཏོང་མ་ཐུབ་པར་འཕྲལ་སེལ་གྱི་བསམ་བློའི་སྒང་དུ་འགྲོ་དུས་བསམ་པ་སྦུག་སུ་དོག་པོའི་སྒང་ནས་ཐབས་ཤེས་བྱེད་ཀྱི་ཡོད། འཛམ་གླིང་འདིའི་སྟེང་དུ་མིས་རྙོག་གྲ་བཟོས་པ་ནང་བཞིན་སྲོག་ཆགས་གཞན་སུ་གཅིག་གིས་ཀྱང་བཟོ་གི་མི་འདུག མི་ལ་བསམ་བློ་གཏོང་བའི་རྣམ་དཔྱོད་ཅིག་ཡོད་ཀྱང་། རྣམ་དཔྱོད་དེ་མིག་རྒྱང་ཐུང་ཐུང་ཞིག་གམ་བསམ་བློ་སྦུག་སུ་དོག་པོ་བྱས་ཏེ་འཕྲལ་སེལ་གྱི་སྡུག་བསྔལ་སེལ་ཐབས་དང་། བདེ་བ་སྒྲུབ་ཐབས་ཙམ་བྱེད་ཀྱི་ཡོད། དེར་བརྟེན། འཛམ་གླིང་འདིར་འདས་པའི་ལོ་བརྒྱ་ཕྲག་འདིའི་རིང་དམག་ཆེན་དང་པོ་དང་གཉིས་པ་བརྒྱབ་པ་དང་། དམག་ཆེན་གསུམ་པ་ལ་ཚང་མས་གྲ་སྒྲིག་བྱེད་ནས་སྡོད་པ། རང་རྒྱལ་གཞན་ཕམ་གྱི་ཆེད་དུ་རྡུལ་ཕྲན་མཚན་ཆ་ལ་དོ་སྣང་བྱེད་བཞིན་ཡོད།
ང་ཚོ་མིའི་ལྷན་སྐྱེས་ཀྱི་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་ཐོག་ལ་མིའི་རྣམ་དཔྱོད་བེད་སྤྱོད་ཕྱིན་ཅི་ལོག་པ་བྱས་ཏེ། སྡུག་བསྔལ་སེལ་ཐབས་སུ་རྒྱ་ཆེ་ས་ནས་བསམ་བློ་མ་བཏང་བར་འཕྲལ་སེལ་གྱི་དགྲ་དང་གཉེན་ཟེར་བའི་ཐོག་ནས་སོ་སོ་མ་དགའ་སའི་དགྲ་མེད་པར་བཟོ་བར་ཐ་ན་རྡུལ་ཕྲན་མཚོན་ཆ་ཚུད་ཆད་ལ་བསམ་བློ་གཏོང་གི་ཡོད། དེ་ནི་རང་གཞན་གཉིས་ཕུང་རེད་མ་གཏོགས་ཀུན་ལ་བདེ་བ་ཡོང་ཐབས་མི་འདུག འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་ད་ཆ་ང་ཚོས་ག་རེ་བྱེད་དགོས་པ་རེད་ཅེ་ན། མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་པ་དང་། མི་ལ་རྣམ་དཔྱོད་ཡོད་པས་ཚང་མར་བདེ་སྐྱིད་ཡོང་བ་ཞིག་དང་། རྙོག་དྲ་མི་ཡོང་བ་ཞིག་ལ་བསམ་བློ་གཏོང་དགོས། འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན་དངོས་གནས་ཡིད་ཐང་ཆད་པ་རང་རེད། དམག་འཁྲུག་ལ་དོ་སྣང་གིས་གོ་མཚོན་འདྲ་མིན་སྣ་ཚོགས་བཟོ་བཞིན་ཡོད། མ་འོངས་པར་དེ་ལྟ་བུའི་གོ་མཚོན་སྣ་ཚོགས་བེད་སྤྱོད་བྱེད་པའི་དམག་འཁྲུག་ཅིག་མ་ཡོང་བ་དང་། མི་ཚང་མ་འགྲོ་བ་མི་གཅིག་མཚུངས་ཀྱིས་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཡིན་པས་བདེ་བ་དགོས། ཉུང་ཤས་ཤིག་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་འགྲོ་བཞིན་པ་ནི་བསམ་བློ་རྗེས་ལུས་རེད། ང་ཚོས་ནམ་རྒྱུན་ཁ་ནས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད། སྔོན་ལ་འབུ་སྲིན་སོགས་ཚུད་པའི་སེམས་ཅན་ཐམས་ཅད་བསམ་མ་ཐུབ་ནའང་། མིའི་འགྲོ་བ་རྣམས་ལ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་རོགས་རམ་དང་ཕན་འདོགས་པ་མ་གཏོགས་གནོད་པ་མི་སྐྱེལ་བ་ཞིག་ནི་ང་ཚོ་ཚང་མའི་ལས་འགན་རེད། འཛམ་གླིང་ཞི་བདེ་ཟེར་བ་ཚང་མས་འདོད་ཀྱི་ཡོད་པ་རེད་ལ། ལག་ལེན་ངོ་མའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཚང་མས་འབད་བརྩོན་བྱེད་དགོས། རང་ཕྱོགས་དང་གཞན་ཕྱོགས། ང་ཚོ་དང་ཁོ་ཚོ་ཟེར་བའི་སྐད་ཆའི་ཐོག་ནས་འཁྲུག་པ་རྒྱག་པ་དང་། གོ་མཚོན་སྣ་ཚོགས་བཟོས་ནས་རང་རྒྱལ་གཞན་ཕམ་ཟེར་བའི་མིག་རྒྱང་ཐུང་ཐུང་གི་བསམ་བློ་གཏོང་བཞིན་ཡོད། ད་ཆ་འཛམ་གླིང་འདིར་ང་ཚོ་ཚང་མས་མཉམ་ཟ་མཉམ་འཐུང་བྱས་ཏེ་འཚོ་དགོས་ཀྱི་ཡོད་པས་རང་ཕྱོགས་ཉུང་ཉུང་ཞིག་རྒྱལ་བའི་དོན་དུ་གཞན་ཕྱོགས་དགྲ་རུ་བལྟས་ནས་གནོད་པ་བྱེད་མི་རུང་། འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ལ་བསམ་བློ་བཏང་ན་རེད་མ་བཏང་ནའང་རེད། ཆོས་དད་ཡོད་མེད་གང་ལྟར་ཡང་འཛམ་གླིང་ཞི་བདེ་འདོད་པ་ནི་ཀུན་ལ་གཅིག་གྱུར་རེད། ཆོས་མེད་མཁན་ཚོ་ཡིན་ནའང་འཛམ་གླིང་ཞི་བདེ་དགོས་པར་འདོད་པ་གཅིག་མཚུངས་རེད། མཐར་གཏུགས་སེམས་ཀྱི་བྱམས་བརྩེ་ཡོད་ན་ཞི་བདེ་ཡོང་གི་རེད། སེམས་ཆགས་སྡང་གི་གཞན་དབང་དུ་བཏང་བ་ཡིན་ན་ཞི་བདེ་ཡོང་གི་མ་རེད། དེར་བརྟེན། བྱམས་བརྩེ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་དུ་མི་དུང་ཕྱུར་བདུན་ཅུ་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། ཚང་མ་འཛམ་གླིང་འདིར་མཉམ་དུ་སྡོད་དགོས་ཀྱི་ཡོད། ང་དང་ཁྱོད་ཟེར་བ་མི་འདུག ཀུན་ལ་ཕན་སེམས་ཡག་པོ་ཞིག་བསྐྱེད་པ་ཡིན་ན་འཛམ་གླིང་ཞི་བདེ་ཡོང་ཐུབ་པ་ཞིག་རེད། ང་ཚོ་དང་ཁོ་ཚོའི་དབྱེ་བ་ཕྱེས་ཤིང་། རང་རྒྱལ་གཞན་ཕམ་གྱི་སྟེང་དུ་ཕྱིན་ན་ཞི་བདེ་ཡོང་ཐབས་མེད། དེར་བརྟེན། འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་ཚང་མའི་ཐུན་མོང་གི་ལས་འགན་ནི་ཞི་བདེ་ངོ་མ་ཞིག་ཡོང་བར་བྱ་རྒྱུ་དེ་ཡིན། མི་སྐྱེས་པའི་སྐབས་སུ་ལག་ཏུ་གོ་མཚོན་མེད། སྐྱེས་པའི་སྐབས་སུ་ཨ་མའི་འོ་མ་སྤྲད་དེ་བྱམས་བརྩེས་བསྐྱངས་པ་ཞིག་ཡིན། དེ་དུས་ཀྱི་མྱོང་བ་ལ་བསམ་བློ་བཏང་ནས་གཅིག་གིས་གཅིག་ལ་བརྩེ་བ་བྱེད་ཐུབ་ན་ཡག་པོ་འདུག མི་རྣམས་ག་ལེར་ཤེས་ཡོན་གྱི་སྡེ་ཚན་ནང་སླེབས་སྐབས་རང་རྒྱལ་གཞན་ཕམ་གྱི་སྐད་ཆ་བཤད་ཡོང་གི་ཡོད། དེ་དང་འབྲེལ་ནས་གོ་མཚོན་སྣ་ཚོགས་བཟོ་བ་ཡོང་གི་འདུག ང་ཚོར་ལྷན་སྐྱེས་སུ་ཕན་ཚུན་ལ་བརྩེ་བ་ཡོད་པ་དང་། མི་གཅིག་གྱུར་གྱི་འདུ་ཤེས་ཡོད་པ་ཡིན་པས་ད་ལྟའི་དུས་ཚོད་འདིར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་། ང་ཚོ་དང་ཁོ་ཚོའི་སྐད་ཆ་མི་དགོས་པར་འགྲོ་བ་མི་དུང་ཕྱུར་བདུན་ཅུ་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་མི་ཡིན་པ་གཅིག་མཚུངས་རེད། སྐྱེས་པའི་སྐབས་སུ་ཨ་མའི་བྱམས་བརྩེས་བསྐྱངས་པ་གཅིག་གྱུར་རེད། འཆི་ཁར་བྱམས་བརྩེའི་བློ་ཡོད་པ་ཞིག་དང་། སོ་སོའི་ཉེ་འཁོར་དུ་བྱམས་བརྩེ་བློ་ཡོད་མཁན་ཚོས་སྐོར་བསྡད་པ་ཞིག་འཛམ་གླིང་འདིར་བཟོ་དགོས།
མིས་མི་གསོད་རེས་གཏོང་བ་ནི་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་རེད། འཛམ་གླིང་འདི་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བཟོ་ཐུབ་ན་དངོས་གནས་དྲང་གནས་ཀྱི་ཞི་བདེ་ཡོང་གི་རེད། ཆོས་ཁས་ལེན་མིན་གྱི་སྐད་ཆ་དང་། སྐྱེ་བ་སྔ་ཕྱིའི་སྐད་ཆ་ཡོད་པ་མ་རེད། ད་ལྟ་གསོན་པའི་རིང་སེམས་བཟང་པོ་ཞིག་བྱུང་ན་སོ་སོ་སྐྱིད་པ་དང་རོགས་པ་ཚོ་སྐྱིད་པ་རེད། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འཛམ་གླིང་འདི་བྱམས་བརྩེ་ལྡན་པ་ཞིག་ཡོང་བར་སྨོན་ལམ་བརྒྱབ་པ་གཅིག་པུ་མིན་པར་ལག་ལེན་གྱི་ཐོག་ནས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བཟོ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད། འགྲོ་བ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་བྱམས་སྙིང་རྗེ་བྱེད་པ་ནི་ཆོས་ཀྱི་སྙིང་པོ་རེད་ཅེས་སོགས་བཀའ་སློབ་སྩལ་རྗེས་ཆོས་དབྱིངས་བསྟོད་པའི་བསྡུས་དོན་དང་། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད། །