༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སྒང་ཏོག་ནས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཆིབས་བསྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ཡུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་མཚམས་ཞོགས་པའི་ཆུ་ཚོད་ ༦།༤༥ ཐོག་བཞུགས་གནས་གསོལ་མགྲོན་ཁང་ནས་ཆིབས་འཁོར་ལ་བཞུགས་སྟེ། སྒང་ཏོག་དམག་མའི་གནམ་ཐང་དུ་ཆིབས་བསྒྱུར་གྱིས་ཐད་འཕུར་གནམ་གྲུར་བརྒྱུད་ནུབ་བྷང་གྷང་ས་ལུ་སྒར་དུ་ཆིབས་བསྒྱུར་བསྐྱངས་པ་དང་། ས་ལུ་སྒར་གྱི་དམག་མིའི་གནམ་ཐང་དུ་མངའ་སྡེའི་འབྲེལ་ཡོད་མི་སྣའི་ཕེབས་བསུ་དང་འབྲེལ་སྲད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས། གྲྭ་ཚང་གི་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཁན་པོ་དབང་འདུས་སོགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། སྐབས་དེར་མགོན་པོ་མཆོག་གིས། རྒྱ་གར་ཤར་གྱི་མི་མང་རྣམས་དང་ཐུག་འཕྲད་བྱས་ཏེ་ཆོས་འབྲེལ་བྱས་པ་སོགས་ཧ་ཅང་ཡག་པོ་བྱུང་། ས་ཐག་རིང་པོ་ཡིན་ཡང་ངོས་རང་གི་གཟུགས་པོ་ཧ་ཅང་ཐང་པོ་དང་མ་བདེ་བ་གང་ཡང་བྱུང་མ་སོང་། འབྲས་ལྗོངས་ཁུལ་གྱི་སེར་སྐྱ་མི་མང་རྣམས་མཐའ་གཅིག་ཏུ་དད་པ་དང་མོས་པ་བརྩེ་གཅིག་བྱས་ཏེ་ཧ་ཅང་ཡག་པོ་འདུག ངོས་ཀྱིས་སློབ་སྦྱོང་ལ་དོ་སྣང་བྱ་དགོས་པ་རེད་ཅེས་འབོད་སྐུལ་ཞུས་པ་ཡིན། སྤྱིར་བཏང་ཆོས་དད་བྱེད་མིན་སོ་སོའི་རང་དབང་རེད། གང་ལྟར་ཆོས་ལ་དད་པ་བྱེད་པ་ཡིན་ན་དད་པ་བྱེད་སའི་ཆོས་ཀྱི་འགྲོ་སྟངས་ཡག་པོ་ཤེས་དགོས་པ་རེད་ཅེས་ངོས་ཀྱིས་ནན་ཏན་བཤད་པ་ཡིན།ང་ཚོས་རྒྱུན་དུ་བརྗོད་བཞིན་པའི། རང་བཞིན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པ་བགྱི། །ཞེས་པ་དེ་ཧ་ལས་པ་རེད། ང་ཚོས་ཉིན་ལྟར་འདོན་གྱི་ཡོད། གཞན་དོན་ལ་བསམ་བློ་བཏང་ནའང་བྱང་ཆུབ་ཀྱི་སེམས་རེད། རང་དོན་སེམས་ཀྱི་ཞི་བདེ་ཐོག་ནས་ལུས་ཀྱི་འཕྲོད་བསྟེན་སོགས་བྱང་ཆུབ་ཀྱི་སེམས་ལས་འབྱུང་། དེར་བརྟེན། རང་བཞིན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པ་བགྱི། ཞེས་པ་བདེན་པ་ངོ་ཐོག་རེད། ངོས་རང་ཞོགས་པ་ཡར་ལངས་པ་དང་སྔོན་ལ་རྟེན་འབྲེལ་བསྟོད་པ་བཏོན་ནས་རྟེན་འབྱུང་དེ་ཁོ་ན་ཉིད་དང་། དེ་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་དུས་དངོས་ནས་སེམས་ཀྱི་ཞི་བདེ་ལ་བསྟེན་ནས་ལུས་ཀྱི་འབྱུང་བ་ཐམས་ཅད་སྙོམས་པའི་ཕན་ཐོགས་ཆེན་པོ་འདུག དམིགས་བསལ་སྨན་ཟ་དགོས་པ་གང་ཡང་མེད། གཟུགས་པོ་ལྷོད་ལྷོད་བྱས་ཏེ་སྡོད་ཀྱི་འདུག གོང་དུ་ཞུས་པ་ལྟར་འབྲས་ལྗོངས་ཁུལ་དུ་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་འབོད་སྐུལ་བྱས་པ་ཡིན།
ཆོས་ཟེར་དུས་འདོན་པ་བཏོན་པ་དང་། ཚོགས་འཚོགས་པའི་སྲོལ་ལྟ་བུ་ལ་གོ་རྒྱུ་མེད། ཆོས་ཟེར་བ་དེ་སོ་སོས་བསམ་བློ་བཏང་ནས་སེམས་མ་འདུལ་བ་དུལ་བར་བྱེད་པ་དང་། མ་ཞི་བ་དེ་ཞི་བར་བྱེད་དགོས། འགོག་བདེན་སོགས་ལ་ལམ་སེང་བསམ་བློ་འཁོར་མི་ཐུབ་མོད། སུ་ཡིན་རུང་སེམས་འགྱུར་བ་འགྲོ་ཐུབ་པ་ཞིག་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་མི་མང་ལ་ཆོས་འབྲེལ་ཆེད་གཙུག་ལག་ཁང་མདུན་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་སླར་ཡང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། མགོན་པོ་མཆོག་གིས་ཆོས་འབྲེལ་ཆེད་ཁུལ་འདིར་ཆེད་ཕེབས་གནང་བའི་ཕྱོགས་བཞིའི་དད་ལྡན་སྟོང་ཕྲག་མང་པོར་ཆོས་འབྲེལ་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆོས་གྲོགས་སྐྱ་སེར་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར། ངོས་རང་རྒྱ་གར་ཤར་གྱི་འབྲས་ལྗོངས་སྒང་ཏོག་ཏུ་ཕྱིན་པ་ཡིན། ཡུལ་བ་ཚོ་ཆོས་ལ་དད་པ་ཡག་པོ་འདུག གལ་ཆེ་ཤོས་ནི་ནང་པའི་ཆོས་ནི་ཞབས་བརྟན་བྱེད་པ་དང་། རྔ་རྡུང་སྦུབ་དཀྲོལ་བ་ལྟ་བུ་མ་རེད། སངས་རྒྱས་པའི་ཆོས་ནི་བསམ་བློ་བཏང་ནས་ཡོང་དགོས་པ་ཞིག་ཡིན། མངོན་གསལ་དོད་ཤོས་ཤིག་ནི། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་པ་ཚོས་དཀོན་མཆོག་ལ་གསོལ་བ་བཏབ་པའི་ཐོག་ནས་འདུག་རྒྱུ་མ་གཏོགས་གཞན་མེད། བློ་སྦྱངས་ནས་སེམས་མ་རུང་བར་བྱེད་མཁན་ཉོན་མོངས་དུག་གསུམ་ངོ་ཤེས་པར་བྱས་ཏེ། ཞེ་སྡང་མེད་པ་དང་། འདོད་ཆགས་མེད་པ། ང་རྒྱལ་མེད་པ་བཅས་ཉོན་མོངས་ཀྱི་ལྡོག་ཕྱོགས་ཀྱི་བློ་རིམ་པར་སྒོམ་ནས་ཉོན་མོངས་ཤུགས་ཆུང་དུ་གཏོང་བ་ནི་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ཤིག་རེད། འཛམ་གླིང་དུའང་འདིས་ཕན་ཐོགས་འདུག དེང་སང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བཤད་ཀྱི་ཡོད། ཆོས་ཀྱི་སྐད་ཆ་མིན་པར་ང་ཚོ་མིའི་སྤྱི་ཚོགས་ནང་དུ་སྡོད་སྐབས་བརྩེ་བ་ཡོད་ན་ཚང་མ་མཐུན་པོ་དང་། ཕན་ཚུན་གྱི་དཀའ་ངལ་སེལ་ཐབས་ཤེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཧ་ཅང་གལ་ཆེན་པོ་རེད། ད་རེས་རྒྱ་གར་ཤར་གྱིས་མཚོན་པས་ངོས་ཀྱིས་རྒྱུན་དུ་འདི་བཤད་ཀྱི་ཡོད། ཕྱི་རྒྱལ་དུའང་བཤད་ཀྱི་ཡོད། གང་ལྟར་ཆོས་དད་ཡོད་ནའང་རེད་མེད་ནའང་རེད། སེམས་པ་བཟང་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། མིའི་མི་ཚེ་ནི་ཨ་མའི་མངལ་ནས་སྐྱེས་ཤིང་འོ་མ་སྦྱིན་པ་ནས་འགོ་ཚུགས་པ་རེད། ཨ་མའི་བྱམས་བརྩེའི་འོག་ནས་མི་ཚེ་འགོ་ཚུགས་པ་རེད། དེར་བརྟེན་མི་ཚེ་གང་བོར་ཨ་མའི་བྱམས་བརྩེས་འོག་ནས་གཅེས་སྐྱོང་བྱས་པའི་ཚོར་བ་དེ་མ་ཉམས་པ་བྱས་ཏེ། ཚེ་རབས་ནས་ཚེ་རབས་ལ་མ་ཡོང་ཀྱང་མི་ཚེ་འདི་ལ་སེམས་པ་བཟང་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཆོས་ཁས་བླངས་ན་རེད། མ་བླངས་ནའང་རེད། སེམས་པ་བཟང་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པ་རེད། ང་ཚོས་ཕན་ཚུན་ལ་ང་དང་ཁྱོད་ཅེས་པའི་སྐད་ཆ་བཤད་ནས་འཁྲུག་པ་རྒྱག་པ་དང་གསོད་རེས་གཏོང་བ། གོ་མཚོན་བཟོ་བ་བཅས་བྱུང་ཡོད། དེང་སང་གོ་མཚོན་བཀག་སྡོམ་བྱེད་པར་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་ནི་ཧ་ཅང་ཡག་པོ་རེད། མདོ་དོན། གོ་མཚོན་ཟེར་བ་ནི་ཕྱི་ལོགས་ཀྱི་སྐྱོན་ཆ་རེད། གཙོ་བོ་སེམས་རྒྱུད་ཀྱི་ཞེ་སྡང་དང་ཕྲག་དོག ང་རྒྱལ་སོགས་ཤུགས་ཆུང་དུ་བཏང་བ་ཡིན་ན་དངོས་གནས་དྲང་གནས་ཀྱི་ཞི་བདེ་ཡོང་ཐུབ་པ་ཞིག་རེད། ཆོས་ཁས་བླངས་ན་རེད། མ་བླངས་ནའང་རེད། ཆོས་ལ་མཚོན་ནའང་ནང་པ་དང་ཡི་ཤུ ཁ་ཆེ། མུ་སྟེགས་པ་སོགས་འདྲ་མིན་ཡོད་ཀྱང་ཞི་བདེ་ཁ་གཅིག་གྲགས་ཀྱིས་འདོད་ཀྱི་ཡོད། འཛམ་གླིང་ལ་ཞི་བདེ་དགོས་པ་ཚང་མའི་འདོད་པ་ལ་ཡོད་པ་རེད། ཞི་བདེ་ནི་སེམས་ནས་བཟོ་བ་མ་གཏོགས་ཕྱི་ལོགས་ཀྱི་གོ་མཚོན་མེད་པའི་སྐད་ཆ་གཅིག་པུ་མ་རེད། སེམས་སུ་ཞི་བདེ་དང་ཆགས་སྡང་གི་བློ་ཉུང་དུ་བཏང་ན་གོ་མཚོན་དགོས་པ་རེད། འཛམ་གླིང་འདིར་འགྲོ་བ་ཚང་མར་ཕན་ཚུན་ལ་བརྩེ་བ་ཡོད་པ་དེ་གོང་འཕེལ་བཏང་ནས། ང་ཚོ་དང་ཁོ་ཚོ་ཞེས་པའི་ཕྱོགས་འཐེན་མེད་པར་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བརྩེ་བ་དང་ཕན་ཐོགས་བྱེད་དགོས། དེའི་ཐོག་ནས་འཛམ་གླིང་ཞི་བདེ་ཞེས་བཤད་བཞིན་པ་དེ་ཡོང་གི་རེད། མི་རིགས་དང་ཆོས་ལུགས་ཀྱི་སྐད་ཆ་བཤད་རྒྱུ་མེད། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་མིའི་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་རེད། གོ་མཚོན་བཀག་སྡོམ་བྱེད་པར་འབད་བརྩོན་རིམ་པ་མང་པོར་བྱས་ཡོད་པ་དང་། ད་ལྟའང་བྱེད་བཞིན་ཡོད། ཡིན་ནའང་གཙོ་བོ་སེམས་ཀྱི་ཞི་བདེ་ཡག་པོ་ཞིག་སྒྲུབ་ཐུབ་ན་ཕྱིའི་གོ་མཚོན་བེད་སྤྱོད་མེད་པ་ཆགས་ཀྱི་རེད། སེམས་སུ་ང་ཚོ་དང་ཁོ་ཚོ་ཟེར་བའི་ཆགས་སྡང་གི་བློ་ཡོད་ཚེ་གོ་མཚོན་ལ་དོ་སྣང་དང་། དང་དོད་བྱེད་པ་ཡོང་གི་ཡོད། འཛམ་གླིང་འདིར་གོ་མཚོན་མེད་པ་དང་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་ཐོག་ལ་ཕན་ཚུན་བརྩེ་བ་དང་རོགས་རམ་བྱ་རྒྱུ་ལས་མིས་མི་ལ་དབང་ཡོད་དང་། བཤུ་གཞོག་གཏོང་བ་སོགས་ནི་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློའི་འགྲོ་སྟངས་དང་འགལ་ཡོད་པ་ཞིག་རེད། བཤུ་གཞོག་གཏོང་དུས་བཤུ་གཞོག་གཏོང་མཁན་གྱི་བསམ་བློའི་ནང་དུའང་བདེ་བོ་གང་ཡང་ཡོད་པ་མ་རེད། འཕྲལ་སེལ་གྱི་དཔལ་འབྱོར་ལྟ་བུའི་ཐོག་ནས་ཁེ་ཕན་ལྟ་བུར་བསམ་བློ་བཏང་བ་མ་གཏོགས་ཕུགས་རྒྱང་རིང་པོར་བསམ་ཚེ་རང་ཉིད་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཡོད་པའི་ནང་གི་གཅིག་རེད། མི་ཀུན་ལ་བརྩེ་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཀུན་ལ་ཕན་བདེ་སྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་བ་དང་།གཞན་ཡང་། ༸རྒྱལ་བ་རིན་པོ་ཆེ་ལ་ཞི་བདེ་ཡོང་བཞིན་པ་ནི་རིགས་རུས་ཀྱི་སྐད་ཆ་མིན་པར་བྱང་ཆུབ་ཀྱི་སེམས་ཤུགས་ཆེན་པོ་སྒོམ་གྱི་ཡོད་པས་རང་བཞིན་གྱིས་འཛུམ་ཤིག་ཤིག་དང་། བག་བྲོ་བོ་ཞིག་མཐོང་གི་འདུག་ཨང་། དེར་བརྟེན་ཁྱོད་ཚོ་༸རྒྱལ་བ་རིན་པོ་ཆེ་ལ་དགའ་དད་ག་ཚོད་ཡོད་པ་དེའི་ཚོད་ཀྱིས་སོ་སོའི་སེམས་པ་བཟང་པོ་བྱ་རྒྱུ་དང་། གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། ཁྱོད་ཚོས་ཏཱ་ལའི་བླ་མ་ཞེས་ངོས་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། གཞན་ཕན་གྱི་བློ་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཐམས་ཅད་རྣལ་འབྱོར་གྱི་ཆོས་འབྲེལ་དང་། མ་ཎིའི་ལྗགས་ལུང་བཀའ་དྲིན་སྩལ་ཏེ་ཆོས་འབྲེལ་སྒོ་ལེགས་པར་གྲུབ་་ཡོད་པ་དང་། གྲྭ་ཚང་དུ་ཉིན་གུང་ལྗགས་སྨིན་གྲུབ་རྗེས་ཤྲི་ཀུ་རི་ལ་ཆིབས་བསྒྱུར་གྱིས་བཞུགས་ཞག་གནང་ཡོད་པ་དང་། ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ཆེད་ཁུལ་དེར་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་བཅས། །