༄༅། །ཕྱི་ལོ་ ༢༠༢༣ ཟླ་བ ༡༢ ཚེས་ ༡༣ ཉིན་འབྲས་ལྗོངས་མངའ་སྡེ་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཚོགས་ཁང་སཱ་མཱན་བྷ་བཱན་ (saman Bhavan) ཞེས་པར་ཆེ་བསྟོད་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་ཆུ་ཚོད་ ༨།༣༠ ནས་འབྲས་ལྗོངས་གསོལ་མགྲོན་ཁང་དུ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་པ་ཝན་ཀུ་མཱར་ལྕམ་གླིང་མཆོག་གིས་གཙོས་དཔོན་རིགས་གཞན་དང་། ཁོང་ཚོའི་ནང་མི་བཅས་གནད་ཡོད་མི་སྣ་བརྒྱ་ཙམ་ལ་མཇལ་ཁ་སྩལ་རྗེས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཚོགས་ཁང་སཱ་མཱན་བྷ་བཱན་དུ་ཆིབས་བསྒྱར་བསྐྱངས་པ་དང་། ཚོགས་ཁང་གི་སྒོ་ཆེན་དུ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་མཆོག་གིས་གཙོས་མངའ་སྡེའི་ལྷན་ཁང་ཁག་གི་བློན་ཆེན་དང་དྲུང་ཆེ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་བཅས་ཚོགས་ཁང་དུ་༸ཞབས་སོར་འཁོད་ཅིང་། མགོན་པོ་མཆོག་གསོལ་སྟོན་གྱི་དབུ་བཞུགས་ཐོག མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྟེང་ཞལ་གཙོས་མངའ་སྡེའི་ལྷན་ཁང་ཁག་གི་བློན་ཆེན་དང་ཁྲིམས་དཔོན། གྲོས་ཚོགས་ཚོགས་གཙོ། གཞན་ཡང་། ལྷན་ཁང་ཁག་གི་དྲུང་ཆེ་སོགས་གཞུང་གི་གནད་ཡོད་མི་སྣ་མང་པོ་ཆེད་ཕེབས་ཀྱིས་ཉིན་གུང་ལྗགས་སྨིན་ལྷན་བཞེས་གནང་ཡོད།ལྗགས་སྨིན་གྲུབ་མཚམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཙོས་གནད་ཡོད་མི་སྣའི་ལྷན་དྲན་རྟེན་སྐུ་པར་སྒྲོན་རྗེས་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། ཕྱི་ཚེས་ ༡༤ ཉིན་འབྲས་ལྗོངས་སྒང་ཏོག་གི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་སྟེ། ནུབ་བྷང་གྷལ་ས་ལུ་སྒར་དུ་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་གྱིས་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་བཅས། །