༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ་རྒྱ་གར་འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། འབྲས་ལྗོངས་མངའ་སྡེ་གཞུང་དང་སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་འབྲས་ལྗོངས་མངའ་སྡེའི་ཁྲིམས་དཔོན་ཆེ་བ་དང་། ཁོང་གི་ལྕམ་རྣམ་གཉིས་ཀྱིས་འཚམས་འདྲི་དང་མཇལ་ཁ་ཞུས་རྗེས་འབྲས་ལྗོངས་གསོལ་མགྲོན་ཁང་ནས་དཔལ་འབྱོར་རྩེད་ཐང་དུ་ཆིབས་བསྒྱུར་བསྐྱངས་པ་དང་། རྩེད་ཐང་རྒྱལ་སྒོ་རུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། མངའ་སྡེའི་དགོན་གནས་བློན་ཆེན། མངའ་སྡེའི་སྲིད་སྐྱོང་སོགས་ཀྱིས་ཕེབས་བསུ་དང་བཅས་བཞུགས་ཁྲིར་འཁོད་མཚམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་།དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་གཙོ་བོ་འབྲས་ལྗོངས་ཀྱི་ཡུལ་བ་རྣམས་དང་། དེ་དང་ཆབས་ཅིག་གཡས་གཡོན་ནས་ངོས་ལ་དགའ་བོ་དང་། ཆོས་ལ་དོ་སྣང་དང་དགའ་བོ་བྱེད་མཁན་མང་ཡོང་ཡོད་པ་རེད། ཁྱོད་ཚོ་ཚང་མར་འཚམས་འདྲི་ཞུ་བཞིན་ཡོད། ཁྱོད་ཚོ་ཚང་མས་ཆོས་ལུགས་སྤྱི་དང་ལྷག་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མི་ཚང་མ་སྐྱེས་ཙམ་ཉིད་ནས་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་རང་གི་ངང་གིས་ཡོད། ཐ་ན་བྱ་བྱེའུ་སོགས་སེམས་ཅན་ཡོངས་ཀྱིས་སྐྱེས་ཙམ་ཉིད་ནས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཆགས་ཡོད། དེའི་ནང་ནས་ང་ཚོ་མིའི་རིགས་ལ་རང་བཞིན་ལྷན་སྐྱེས་སུ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པའི་བསམ་པ་ཡོད་རུང་། སྤྱི་ཚོགས་ནང་སྡུག་བསྔལ་ཡོང་བའི་ཆ་ཤས་མང་པོ་ཞིག་མི་རང་ཉིད་ཀྱིས་སྤེལ་བཞིན་ཡོད། ཐབས་སྐྱོ་བ་ཞིག་ལ་ཆོས་ལུགས་མི་འདྲ་བའི་རྐྱེན་གྱིས་ང་ཚོ་དང་ཁོ་ཚོ་ཞེས་ཤོད་སྡོད་པ་ཞིག་ཡོང་གི་འདུག དེ་ལྟ་བུའི་རྐྱེན་གྱིས་འཛམ་གླིང་འདིར་རྙོག་དྲ་ཡོང་རྐྱེན་མང་པོ་ཞིག་ང་ཚོ་མི་རང་ཉིད་ཀྱིས་བཟོས་པ་ཆགས་ཀྱི་འདུགངོས་རང་ལ་མཚོན་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཕར་ཚུར་ཕྱིན་པའི་སྐབས་སུ་ཡི་ཤུ་ལྷ་ཁང་དང་། ཧིན་དུའི་ལྷ་ཁང་། ནང་པའི་ལྷ་ཁང་ཚང་མར་འགྲོ་གི་ཡོད། འགའ་ཞིག་གི་བསམ་བློའི་ནང་དུ་ང་ཚོའི་ཆོས་ལུགས་འདི་ཡིན། ཁོང་ཚོའི་ཆོས་ལུགས་དེ་རེད་ཅེས་ཆོས་ལུགས་མི་འདྲ་བའི་ཐོག་ནས་རྙོག་དྲ་ཡོང་རྐྱེན་ཞིག་ཡོང་གི་འདུག དེར་བརྟེན་ང་ཚོ་ཚང་མ་འཆམ་པོ་བྱེད་པ་དང་། དེའི་ནང་ཚན་ནས་ཆོས་ལུགས་མི་འདྲ་བ་ཡོད་པ་རྣམས་འཆམ་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པའི་ཡུལ་ཞིག་རེད། ཁ་ཆེ་དང་ཧིན་དུ། ཇེའུ་སོགས་ཆོས་ལུགས་འདྲ་མིན་སྣ་ཚོགས་ཡོད་ཀྱང་ཚང་མ་མཐུན་གྱི་འདུག ཕལ་ཆེར་འཛམ་གླིང་གི་ཆོས་ལུགས་ཚང་མ་རྒྱ་གར་དུ་ཡོད་པ་ལྟ་བུ་ཞིག་རེད་ལ་ཚང་མ་མཐུན་པོ་རེད། ལྟ་གྲུབ་ཀྱི་ཐོག་ནས་འདྲ་མི་འདྲ་ཡོད་ཀྱང་སེམས་བཟང་པོ་བྱེད་དགོས་པ་ཆོས་ལུགས་ཚང་མས་བསླབ་བྱར་ཡོད་པས་སེམས་པ་བཟང་པོ་བྱེད་པ་དང་། ཆོས་ལུགས་ཚང་མར་གུས་ཞབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།འཛམ་གླིང་འདིར་ཆོས་ཕྱོགས་ནས་རྙོག་དྲ་སེལ་དགོས་ཀྱང་། སྐབས་རེར་ཆོས་ཕྱོགས་ནས་རྙོག་དྲ་སྣོན་པ་བཟོ་བཞིན་པ་ལྟ་བུ་ཞིག་ཡོང་གི་འདུག དེར་བརྟེན་ཆོས་ལུགས་ཚང་མས་ཕན་ཚུན་ལ་གུས་ཞབས་བྱོས། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་པ་རེད། ནང་པ་རང་ལ་མཚོན་ནའང་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་དེ་དག་ལའང་ནང་གསེས་མི་འདྲ་བ་མང་པོ་ཡོད། ང་ཚོའི་བསམ་བློའི་ཁམས་དང་མོས་པ་མི་འདྲ་བ་ལ་བསྟུན་ནས་བསམ་བློ་གཏོང་རྒྱུ་སྣ་ཚོགས་ཡོད། སེམས་པ་བཟང་པོ་བྱེད་དགོས་པ་དང་། ཕན་སེམས་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུང་གི་འདུག རྒྱ་གར་ལ་སྤྱི་ཡོངས་ཀྱི་ཐོག་ནས་ཆོས་ལུགས་ཚང་མ་མཐུན་འབྲེལ་ཡག་ཐག་ཆོད་རེད། ཆོས་ལུགས་མི་འདྲ་བ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་འཐེན་འཁྱེར་བྱེད་པ་ལྟ་བུ་མེད་པར་ཚང་མ་ཐུགས་མཐུན་ཁྲིམས་གཙང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུགངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དང་། ལྷག་མ་བཅུ་གསུམ་གྱིས་མ་གོས་པའི་དགེ་སློང་ཞིག་ཆགས་ཡོད། ཆོས་ལུགས་ཚང་མར་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཡོད་ཀྱང་སེམས་པ་བཟང་པོ་བྱེད་དགོས་པ་དང་། དྲང་པོ་བྱེད་དགོས་པ་ཚང་མས་གསུང་གི་འདུག དེར་བརྟེན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ལ་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་ལའང་སྔ་མོ་རྒྱ་གར་དུ་རྒྱང་འཕེན་པ་དང་། གྲངས་ཅན་པ་སོགས་མི་འདྲ་བ་མང་པོ་འདུག འོན་ཀྱང་ངོས་ཀྱིས་གཙོ་འདོན་བྱེད་བཞིན་པ་ནི་ཆོས་དད་སོ་སོ་སྒེར་གྱི་དོན་དག་རེད། སེམས་པ་བཟང་པོ་བྱེད་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་ཧ་ཅང་གལ་ཆེན་པོར་མཐོང་གི་འདུགམདོ་དོན་སྙིང་པོར། འཛམ་གླིང་འདིར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན་གཅིག་གིས་གཅིག་ལ་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་བརྒྱབ་པ་ཡོང་གི་འདུག དེ་ལྟ་བུའི་དུས་ཚོད་རྫོགས་པ་རེད། ད་ལྟ་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་བརྒྱུད་ཅུ་ཙམ་ཡོད་པ་ཚང་མ་འཆམ་པོ་དང་། ཕན་ཚུན་ལ་རོགས་རམ་དང་ཕན་སེམས། སྤྱི་བའི་ཐོག་ནས་འཛམ་གླིང་ཞི་བདེ་དང་། བྱམས་སེམས་ལྡན་པ་ཞིག་ཡོང་བར་འབད་བརྩོད་བྱ་རྒྱུ་ཚང་མའི་ལས་འགན་རེད།
སྐབས་རེར་འབྱུང་བ་འཁྲུག་ནས་མ་བདེ་བ་ཡོང་བའི་སྐབས་སུ་ཆོས་ལུགས་ཀྱིས་ཀྱང་འཐེན་འཁྱེར་བྱས་ནས་དཀའ་ངལ་ཡོང་སྡོད་པ་ནི་མི་དགོས་པ་ཞིག་རེད། ང་ཚོ་ཚང་མ་སྐྱེས་པའི་སྐབས་སུ་ཆོས་ལུགས་ཀྱི་སྐད་ཆ་མེད་པར་ཨ་མའི་འོ་མས་གསོས་པ་གཅིག་མཚུངས་རེད། འགྲོ་བ་མི་ཡོངས་ཀྱིས་སྐྱེས་པ་ནས་མ་འཆི་བར་དུ་མི་གཅིག་མཚུངས་ཀྱི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་། ཕན་ཐོགས་བྱ་རྒྱུ་གལ་ཆེན་པོ་རེད། ཚང་མས་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་མི་དང་མིའི་དབར་གྱི་བརྩེ་བ་གལ་ཆེར་པོར་བརྩི་དགོས། ཆོས་ལུགས་ནི་སྒེར་སོ་སོའི་གནས་ཚུལ་རེད། ཆོས་དད་ཡོད་མེད་ཅི་ལྟར་ཡང་མི་གཅིག་མཚུངས་རེད། དེ་ལྟ་བུའི་འདུ་ཤེས་ཐོག་ནས་ཕན་ཚུན་ལ་བརྩེ་བ་བྱེད་པ་གལ་ཆེར་བརྩི་བ་ཆོས་ཀྱི་ཉམས་ལེན་ཡང་རེད། ཆོས་དད་མེད་མཁན་ལ་མཚོན་ནའང་གཅིག་གིས་གཅིག་ལ་རོགས་རམ་དང་ཕན་སེམས་བྱས་ན་འགྲོ་བ་མིའི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཏན་ཏན་ཕན་ཐོགས་ཡོང་གི་རེད། འཛམ་གླིང་འདིར་དེ་སྔ་ཕན་ཆད་ང་དང་ཁྱོད་ཟེར་བའི་ཐོག་ནས་འཁྲུག་པ་ཧ་ཅང་མང་པོ་བྱུང་བ་རེད། དེས་ལྡེང་བ་ལྟ་བུ་རེད། འཁྲུག་པ་བརྒྱབ་ནས་མི་ག་ཚོད་བསད་ཡོད་པ་རེད། རང་རྒྱལ་གཞན་ཕམ་གྱི་ཆེད་དུ་གོ་མཚོན་འདྲ་མིན་ག་ཚོད་བཟོས་པ་རེད། འགྲོ་སོང་ག་ཚོད་བཏང་བ་རེད། དེ་དག་ལ་བསམ་བློ་ཡག་པོ་ཞིག་བཏང་ན་ཞེད་དགོས་པ་རང་རེད། ང་ཚོ་ཚང་མ་མི་གཅིག་མཚུངས་རེད། ཕན་ཚུན་ལ་མཐུན་པོ་དང་རོགས་རམ་བྱོས། ངོས་རང་ས་ཆ་གང་སར་སླེབས་སྐབས་འདི་བཤད་བཞིན་ཡོད། ཞེས་སོགས་བཀའ་སློབ་སྩལ་བ་དང་།གཞན་ཡང་། འབྲས་ལྗོངས་ཁུལ་དུ་ཆུ་ལོག་གི་གོད་ཆགས་བྱུང་བའི་སྐོར་ནས་འདས་གསོན་གཉིས་ཀྱི་ཆེད་ཆོས་ཞུ་བ་ཡོངས་ནས་མི་ཎི་ཕྲེང་སྐོར་གཅིག་བགྲང་གསོག་གནང་དགོས་པ་བཀའ་སྩལ་དོན། ཉེ་བའི་ཆར་འདིར་ཆུ་ལོག་རྒྱུགས་པར་བརྟེན་རྐྱེན་ངན་མང་པོ་ཞིག་བྱུང་བརེད། མི་མང་པོ་ཞིག་འདས་གྲོངས་ཕྱིན་ཡོད་པ་རེད། དེར་བརྟེན། ང་ཚོས་འདས་གསོན་ཚང་མའི་ཆེད་དུ་དམིགས་ནས་མ་ཎི་ཕྲེང་གཅིག་མཉམ་དུ་བགྲང་། ཚང་མར་ལུས་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་ཞི་བདེ་ཡོང་བའི་ཆེད་མ་ཎི་ཕྲེང་སྐོར་གཅིག་བགྲང་ཤོག བོད་གངས་ཅན་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་ཡོད། དམིགས་བསལ་གྱི་འབྲེལ་བ་ཡོད། ང་ཚོའི་བོད་རིགས་ལ་ཕྲུ་གུ་ཆུང་ཆུང་སྐབས་ནས་མ་ཎི་བགྲང་བའི་གོམས་གཤིས་ཤིག་ཡོད་པ་རེད། དེ་ལྟར་བོད་གངས་ཅན་ལྗོངས་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་ལས་འབྲེལ་ཡོད་པ་ཞིག་ཆགས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་རྣམས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཡོད་པས་ང་ཚོ་ཚང་མས་འདས་གྲོངས་ཕྱིན་པ་ལ་གཙོ་བོར་དམིགས་ཤིང་། ད་ལྟ་གསོན་པོར་ཡོད་པ་ཚང་མར་སེམས་ཀྱི་ཞི་བདེ་ཡག་པོ་ཡོང་བར་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ། མ་ཎི་ཕྲེང་སྐོར་གཅིག་མཉམ་དུ་བགྲང་ཤོག ཅེས་འཕགས་པ་སྤྱན་རས་གཟིགས་ལ་གསོལ་འདེབས་དང་འབྲེལ་མ་ཎི་བགྲངས་པ་དང་། དེ་རྗེས་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཕན་ཡོན་སྐོར་ལ་བཀའ་སློབ་སྩལ་ཏེ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཤད་ལུང་དབུ་འཛུགས་མཛད་པ་དང་། བཤད་ལུང་ལེགས་པར་གྲུབ་མཚམས་འབྲས་ལྗོངས་མངའ་སྡེ་གཞུང་མང་དང་། སྒང་ཏོག་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་གཉིས་ནས་བརྟན་བཞུགས་བསྟར་འབུལ་གྱིས་ཆོ་ག་རིམ་པར་བསྐྱངས་ཤིང་། མངའ་སྡེའི་འབྲེལ་ཡོད་མི་སྣ་དང་སྒང་ཏོག་བོད་མིའི་འཐུས་མི་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་མཚམས། འབྲས་ལྗོངས་ཀྱི་གཞོན་སྐྱེས་ཕོ་མོ་བཅུ་ཕྲག་བརྒལ་བ་དང་། སྒང་ཏོག་ཁུལ་གྱི་བོད་རིགས་ཕོ་མོ་བཅུ་ཕྲག་གསུམ་བརྒལ་བ་བཅས་ནས་བསྟོད་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་གྲུབ་མཚམས། སྒང་ཡུལ་སྐོར་ལུས་ཁུངས་ཀྱི་འཆར་འགོད་དང་འཛུགས་བསྐྲུན་བྱ་འཆར་གྱི་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་དྲན་རྟེན་སྐྱེད་མོས་ཚལ་དང་། དེ་བཞིན་རྒྱལ་བ་ལྷ་བཙུན་ཆེན་པོའི་དྲན་རྟེན་སྐྱེས་མོས་ཚལ་གཉིས་གྱི་འཆར་འགོད་ལ་རྨང་རྡོའི་ཚབ་ཏུ་དྲ་ལམ་ནས་གཟིགས་ཞིབ་གནང་བ་དང་། མཐར་འབྲས་ལྗོངས་དགོན་གནས་ལས་ཁུངས་ཀྱི་བཀའ་བློན་བསོད་ནམས་བླ་མ་མཆོག་གིས་བོད་དང་འབྲས་ལྗོངས་དང་། འབྲས་ལྗོངས་དང་རྒྱལ་དབང་ཕྲེང་རིམ་བྱོན་གྱི་འབྲེལ་བའི་སྐོར་སོགས་གསུང་བཤད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་རྗེས་མགོན་པོ་མཆོག་གིས་ཆོས་ཞུ་བ་སྟོང་ཕྲག་བཞི་བཅུ་བརྒལ་བར་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་སྟེ་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད། །