༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༣༤ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར། བཀའ་ཤག་གིས་༸མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་གསུམ་གུས་ཕྱག་བཅས་བཀྲ་ཤིས་པའི་འཚམས་སྨོན་གྱིས་སྔོན་བསུས་པའི་ཐོག་ནས། མཛད་སྒོར་ཆེད་ཕེབས་མཛད་གཙོ་ལས་ཟུར་རྣམ་པ་དང་། སྐུ་མགྲོན་རྣམ་པ། སེར་སྐྱ་མང་ཚོགས་ཀྱིས་མཚོན་བྱེས་འཁོད་བོད་མི་ཡོངས་དང་། ལྷག་པར་དུ་གཞིས་བཞུགས་བོད་མི་ཡོངས་ལ་དུས་སྟོན་འདི་བརྒྱུད་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
འཛམ་གླིང་སྟེང་སྙན་གྲགས་ཆེ་ཤོས་ཀྱི་གཟེངས་རྟགས་འདི་ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་བསྐྱངས་པ་འདིས། ༸མགོན་པོ་མཆོག་གིས་དགུང་ན་གཞོན་དུས་ནས་ད་བར་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ཐབས་ཤེས་ཟུང་འབྲེལ་ཉམས་བཞེས་ཀྱི་མཐིལ་དུ་མཛད་དེ། འཛམ་གླིང་ཞི་བདེ་དང་མི་ཚེ་བདེ་སྐྱིད་ཀྱི་གདམས་ངག་འགྲོ་བ་མི་ཡོངས་ལ་འདོམས་མཁས་པའི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པ་ཙམ་དུ་མ་ཟད། ༸མགོན་པོ་གང་ཉིད་ཀྱི་བཀའ་དགོངས་བཞིན་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་དབང་རྩོད་ལེན་བྱེད་པའི་ཆོད་སེམས་ལ་ངོས་འཛིན་གནང་བ་ཞིག་ཀྱང་མཚོན་གྱི་ཡོད།
གཟེངས་རྟགས་འདི་གསར་གཏོད་གནང་མཁན་རྫས་འགྱུར་རིག་པའི་མཁས་པ་ཨལ་ཧྥརེད་ནོ་བྷེལ་ (Alfred Nobel) ལགས་ཀྱིས། འབར་རྫས་ (Dynamite) སོགས་མིའི་ཚེ་སྲོག་སྲུང་སྐྱོབ་ཀྱི་ཆེད་དུ་གསར་གཏོད་ལེགས་བཅོས་བྱས་ཡོད་ནའང། ལག་རྩལ་དེ་གྲས་དྲག་དམག་གི་བཟོ་ལས་ཐོན་སྐྱེད་ཐོག་བཀོལ་སྤྱོད་བྱས་ཏེ། གཏོར་བཤིག་དང་ཁྲག་སྦྱོར་གྱི་སྡིག་ལས་ཚབས་ཆེན་ཡོང་གི་ཡོད་པ་དེར་བློ་ཕམ་བྱུང་མཐར། ཚེ་མཇུག་ཏུ་སོ་སོའི་རྒྱུ་ནོར་རྣམས་ཐེབས་རྩར་བཞག་སྟེ་འགྲོ་བ་མིའི་རིགས་ལ་ལེགས་སྐྱེས་ཁྱད་འཕགས་འཇོག་མཁན་ལ་གཟེངས་རྟགས་ཁག་ལྔ་འབུལ་རྒྱུའི་ཁ་ཆེམས་བཞག་པ་ལྟར་ཕྱི་ལོ་ ༡༩༠༡ ནས་བཟུང་དངོས་སུ་འགོ་འཛུགས་བྱུང་ཡོད།
ཞི་བདེའི་སྒྲ་བཤད་ནི། འཁྲུག་རྩོད་མེད་པའི་ཞི་བ་དང་། དགྲར་འཛིན་མེད་པའི་བདེ་བ་ལ་འགྲེལ་ཆོག་པ་ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས། རང་རེའི་མི་ཚེ་ནི་བར་མཚམས་མེད་པར་འཕོ་འགྱུར་འགྲོ་བ་དང༌། དཀའ་ངལ་མང་པོ་འདུ་བ་ཞིག་ཡིན་པས་སེམས་པ་ཞི་ཞིང་དྭངས་པར་གནས་པའི་སྐབས་སུ་དཀའ་རྙོག་མཐའ་དག་བདེ་བླག་ངང་ནས་སེལ་ཐུབ། འོན་ཀྱང་རང་རེས་དེ་ལས་ལྡོག་སྟེ་ཞེ་འཁོན་སྡང་འཛིན་དང༌། རང་གཅེས་འཛིན། ཕྲག་དོག །ཁོང་ཁྲོ་བཅས་ཀྱི་དབང་དུ་སོང་བའི་སེམས་རྒོད་དེ་གཅུན་མ་ཐུབ་པའི་གནས་སྐབས་སུ། རང་རེའི་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་དེ་ཉམས་བརླག་ཏུ་འགྲོ་བ་མ་ཟད། རང་རེའི་བློ་མིག་ལྡོང་ཞིང༌། སེམས་འཁྲུག་བློ་རྒོད་ཀྱི་གནས་སྐབས་སུ་གྱུར་སྐབས་དམག་འཐབ་བྱེད་པ་དང་བཅས་པའི་གནས་ཚུལ་གང་ཡང་འབྱུང་སྲིད་པ་ཡིན། དེར་བརྟེན་སྙིང་རྗེ་དང༌། ཤེས་རབ་ཀྱི་ཉམས་ལེན་རྒྱུད་ཐོག་ཏུ་འགེལ་བ་དེ་ནི་ཚང་མར་ཕན་རླབས་ཆེ་ཞིང༌། ལྷག་པར་དུ་རྒྱལ་སྲིད་འཛིན་སྐྱོང་གི་འགན་ཁུར་ལྡན་པ། འཛམ་གླིང་ཞི་བདེ་འཛུགས་སྐྲུན་གྱི་ནུས་ཤུགས་དང་གོ་སྐབས་ལག་ཏུ་འཛིན་མཁན་རྣམས་ལ་ཕན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞེས་བཀའ་བསྩལ་ཡོད་པ་དང་། སྙིང་རྗེ་དང་ཤེས་རབ་ཉམས་སུ་བླངས་ཏེ་འཁྲུག་རྩོད་དང་དགྲ་འཛིན་གྱི་གནོད་རྐྱེན་མེད་པར་ཞི་བདེའི་ངང་འཚོ་གནས་བྱ་རྒྱུ་ནི་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས། མི་རིགས། རྒྱལ་ཁབ་བཅས་ལ་མཚོན་ནའང་ཐུན་མོང་གི་བསམ་འདུན་དང་རེ་སྨོན་ཡིན་པ་སྨོས་མ་དགོས།
དུས་རབས་སྔ་མ་ནི་འགྲོ་བ་མིའི་ལོ་རྒྱུས་སུ་གཡུལ་འཁྲུག་དང་དམར་གསོད་ཀྱི་དུས་རབས་ཤིག་ཡིན་པའི་ཤོད་སྲོལ་ཡོད་ཅིང་། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པས་མཚོན་རྒྱལ་ཁབ་ཕན་ཚུན་དབར་དང་། ནང་འཁྲུག །སྲིད་དབང་སྒེར་གཅོད་པའི་བཙན་གནོན་སོགས་ཀྱི་འོག་མི་གྲངས་དུང་ཕྱུར་གཉིས་ལྷག་ཙམ་དུས་མིན་རྐྱེན་ལམ་དུ་སོང་ཡོད་ལ། དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་དང་ཞི་བདེའི་དུས་རབས་ཤིག་བསྐྲུན་རྒྱུ་ནི་ང་ཚོ་འགྲོ་བ་མི་ཐུན་མོང་གི་རེ་སྨོན་ཡིན།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟབས་གཅིག་ཏུ་སྲུང་བརྩི་བྱེད་པ་འདི་ཡང་འཛམ་གླིང་ཁྱོན་འདི་ཞི་བདེ་དང་། ཡུལ་ལུང་ཀུན་ཏུ་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་ཡོང་བའི་ཐུན་མོང་གི་རེ་སྨོན་སྐུལ་འདེད་ཀྱི་ཆ་ཤས་ཤིག་ཡིན་ནའང་། ཡུ་རོབ་ཤར་མའི་ནང་ར་ཤི་ཡས་ཡུ་ཁེ་རེན་ལ་བཙན་འཛུལ་དང་། ཨེ་ཤི་ཡ་ནུབ་མའི་ནང་ཨི་ཟི་རལ་དང་ཧ་མ་སི་དབར་འཁྲུག་རྩོད་ཀྱི་སྨག་རུམ་ཡལ་རེ་མེད་པ་མ་ཟད། སྟོབས་ལྡན་རྒྱལ་ཁབ་ཚོས་རྒྱལ་སྲུང་ལ་བསྙད་པའི་གོ་མཚོན་གྱི་འགྲོ་གྲོན་སྔོན་རྩིས་སྤར་ཆ་དང་། དྲག་ཤུགས་དཔུང་ངོམ་བྱེད་རེས། ཡོངས་གྲགས་ཀྱི་སྒོ་ནས་ཤོག་བསྒྲིལ་བྱེད་པ་སོགས་ཀྱིས་འཛམ་གླིང་ཞི་བདེའི་རེ་སྨོན་ང་ཚོའི་མཐོང་ལམ་ནས་རྒྱང་ཐག་ཇེ་རིང་དུ་གཏོང་གི་ཡོད་པ་དང་། དམར་པོའི་སྲིད་གཞུང་དང་། དེ་དང་རིགས་མཐུན་གྱི་སྲིད་དབང་སྒེར་གཅོད་པ་རྣམས་ཀྱིས་འགྲོ་བ་མི་ཡོད་དོ་ཅོག་ལ་རང་ཆས་སུ་ཡོད་པའི་རང་དབང་དང་། འདྲ་མཉམ་གྱི་ཐོབ་ཐང་བརྡལ་བཤིག་དང་། མི་རིགས་རྩ་གཏོར་གྱི་སྲིད་ཇུས་མངོན་སུམ་འཛེམས་མེད་དུ་སྤེལ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྷ་ཟ་ཁུལ་གྱི་འཁྲུག་ཟིང་ལ་དམིགས་ཏེ། པ་ལི་སི་ཐེན་དང་ཨི་ཟི་རལ་དབར་རྒྱུན་ཆད་མེད་པར་འཚེ་བའི་འཁྲུག་ཟིང་ཡོང་བཞིན་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་དང་། ཆོས་ལུགས་ཀྱི་དད་མོས་ཡོད་ཟེར་མཁན་དབར་འཚེ་བའི་ལས་ག་རེ་བྱས་ནས་ཡོང་གི་ཡོད་དམ་ཞེས་ཐུགས་ཕམ་གྱི་རྣམ་པ་བསྟན་གནང་ཡོད་ལ། སྔ་ལོར་ར་ཤི་ཡས་ཡུ་ཁེ་རེན་ལ་བཙན་འཛུལ་བྱས་པའི་ཉིན་བཞིའི་རྗེས། ང་ཚོའི་འཇིག་རྟེན་འདི་གཅིག་ལ་གཅིག་བརྟེན་ཆགས་ཡོད་པ་དང་། རྒྱལ་ཁབ་གཉིས་དབར་གྱི་གཡུལ་འཁྲུག་དེ་འཛམ་གླིང་གི་ས་ཁུལ་གཞན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་གདོན་མི་ཟ། དམག་འཁྲུག་ནི་དུས་ལས་ཡོལ་བའི་ལས་རེད། ལམ་ཁ་ཉག་ཅིག་ནི་འཚེ་མེད་ཞི་བ་ཡིན། ང་ཚོས་འགྲོ་བ་མི་རྣམས་སོ་སོའི་ཕུ་ནུ་མིང་སྲིང་ལ་བརྩིས་ཏེ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གསོ་སྐྱོང་བྱེད་དགོས་ཞེས་གསུངས་ཡོད།
ཟླ་བ་སྔོན་མའི་ནང་། རྒྱ་ནག་སྲིད་གཞུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟེར་བའི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འགྲེམས་སྒྲོགས་བྱས་ཏེ། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མདུན་བསྐྱོད་ནི་རྒྱ་ནག་གི་འཛུགས་སྐྲུན་ཡར་རྒྱས་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་བསྡུས་དབྱིབས་ཤིག་ཡིན་པ་དང་། རྒྱ་ནག་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་རྒྱ་ཕིབས་སྟེང་གསར་གཏོད་བྱས་པའི་འགྲོ་བ་མི་འཕེལ་རྒྱས་ཀྱི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་ཚུལ་བསྒྲགས་ཡོད།
སྲིད་པ་ཆགས་པ་ནས་ད་ལྟའི་བར། བོད་དང་བོད་མིར་སྡུག་སྦྱོང་མནར་གཅོད་དང་བཙན་གནོན་བཤུ་གཞོག་གཏོང་མཁན་གུང་ཁྲན་ཏང་ལས་སྡུག་པ་ཞིག་བྱུང་མྱོང་མེད་ལ། དེང་སང་གུང་ཁྲན་ཏང་གིས་སྒྲོག་བཞིན་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་དེ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན། བསམ་བློའི་དཔལ་ཡོན་འཛུགས་སྐྲུན་སོགས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་དུ་བོད་མི་རིགས་རྩ་མེད་གཏོང་རྒྱུ་དེ་ཡིན།
ཕྱི་ལོ་ ༡༩༣༥ དང་ ༡༩༣༦ ལོ་སོ་སོར་རྒྱ་ནག་མིན་གོ་སྲིད་གཞུང་གིས་གཏོར་ཕམ་བཏང་བའི་གུང་ཁྲན་དམར་དམག་རྣམས་སྲོག་འགོ་གང་ཐོན་ངང་ཁམས་ལྕགས་ཟམ་དང་། དཀར་མཛེས་སོགས་ནས་བྱང་དུ་ཁ་གཏད་དེ། མདོ་སྨད་རྔ་བ་དང་། འབར་ཁམས། རྐ་ཁོག ། ཁྲོ་ཆུ། ཟུང་ཆུ། མཛོད་དགེ། ཐེ་བོ་སོགས་བརྒྱུད་རྒྱང་སྐྱོད་བྱེད་སྐབས། བཀྲེས་ལྟོགས་ཀྱིས་མནར་བའི་རྒྱ་དམག་དེ་ཚོས་ལམ་ཁེལ་བོད་མིའི་བཟའ་བཅའ་དང་རྒྱུ་དངོས་འཕྲོག་བཅོམ་དང། དགོན་པའི་སྐུ་གསུང་ཐུགས་རྟེན་རྐུ་ཁྱེར་བྱས་པའི་སྐོར་རྒྱ་དཔོན་མའོ་ཙེ་ཏུང་གིས་ཨ་རིའི་གསར་འགོད་པ་སི་ནའོ་ལ། འདི་ནི་ང་ཚོས་ཕྱི་རྒྱལ་(བོད་)ལ་ཆད་པའི་བུ་ལོན་ཉག་ཅིག་དེ་ཡིན་ཞེས་ངོས་ལེན་བྱས་ཡོད་ལ། དམར་དམག་གིས་འཕྲོག་བཅོམ་ཐེབས་པའི་བོད་ཀྱི་ཡུལ་སྡེ་དེ་དག་ཏུ་ལོ་གཉིས་ཙམ་རིང་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མུ་གེ་བྱུང་འདུག་པ་མ་ཟད། ལམ་ཁག་གསུམ་ནས་བོད་ནང་བཙན་འཛུལ་བྱེད་མཁན་དམར་དམག་གི་འཕྲོག་བཅོམ་ལ་འགོག་རྒོལ་བྱེད་སྐབས་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དཔེར་ན། ཟུང་ཆུ་ཁོངས་ཀྱི་དམུ་ཏོ་གྲོང་ཚོའི་ཁྱིམ་ཚང་ཉེར་བདུན་གྱི་བོད་མི་ ༡༡༨ གསོད་ཐེངས་གཅིག་ལ་དམར་གསོད་བཏང་འདུག
རྒྱ་ནག་གུང་ཁྲན་ཏང་གིས་བོད་སར་བཙན་འཛུལ་དང་དབང་བསྒྱུར་འོག་ཕྱི་ལོ་ ༡༩༨༠ བར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བརྫངས་པ་དང་། དགོན་པ་དྲུག་སྟོང་ལྷག་ཤུལ་མེད་དུ་གཏོར་བ་དེ་ནི་དུས་རབས་ཉི་ཤུ་པའི་འགོ་སྟོད་ཀྱི་ཨར་མེ་ནི་ཡ་མི་རིགས་རྩ་གཏོར་ལས་ཀྱང་ཡ་ང་བ་བྱུང་ཡོད།
ཡིག་ཆ་དེའི་ནང་གསལ་བ་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁོངས་གཅིག་པུའི་གནས་ཚུལ་མ་གཏོགས། མཚོ་སྔོན་ཞིང་ཆེན་ཟེར་བ་སོགས་རྒྱ་ནག་གི་ཞིང་ཆེན་གཞན་ནང་ཟླ་བསྒྲིལ་བཏང་བའི་མདོ་སྟོད་སྨད་ཁུལ་གྱི་གནས་སྟངས་བཀོད་མེད་ནའང་། བོད་ས་ཁྱོན་ཡོངས་སུ་བོད་རིགས་རྩ་མེད་གཏོང་བའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་གཅིག་མཚུངས་སུ་ལག་བསྟར་བྱེད་བཞིན་འདུག
དེང་སང་བོད་ཀྱི་རོང་འབྲོག་མང་ཚོགས་དང་། དགོན་པ། སློབ་གྲྭ། ཚོང་ལས་དང་སྤྱི་ཚོགས་ཀྱི་སྡེ་ཁག་ཚང་མར་གཞི་རྒྱ་ཆེ་ཞིང་ཁྱོན་ཡོངས་ནས་སྤེལ་བཞིན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་སྟངས་ནི། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་སྒྲོག་གི་ཡོད་པ་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྣམ་པ་ཅི་རིགས་ཀྱི་སྒོ་ནས་རྒྱ་རིགས་ཀྱི་ལས་བྱེད་བསྐོ་གཞག་སྤར་སྣོན་འབོར་ཆེན་བྱས་དང་བྱེད་བཞིན་པའི་ཁོངས། ཡིག་ཆ་དེའི་ནང་བོད་སྐྱོར་ཟེར་བའི་མིང་ཐོག་ནས་བོད་འབྱོར་ལས་བྱེད་ཆིག་ཁྲི་ལྷག་མ་གཏོགས་རྣམ་པ་གཞན་བརྒྱུད་ནས་བསྐོ་གཞག་བྱས་པ་གང་ཡང་བཀོད་མི་འདུག་ནའང་། རྒྱ་ནག་གི་ཞིང་ཆེན་ ༡༧ ནང་སྣེ་ལེན་ས་ཚུགས་བཙུགས་ཏེ། མཐོ་སློབ་ཐོན་མཁན་བརྒྱ་ཆའི་ ༩༥ ཙམ་ལ་ལོ་མང་རིང་ལས་ཀ་བཀོད་སྒྲིག་བྱས་པ་དང་། རྒྱ་བོད་གཉེན་སྡེབ་ལ་མི་རིགས་མཐུན་སྒྲིལ་གྱི་མིང་བཏགས་ཏེ། ཁྲིམས་སྲོལ་ཐོག་ནས་འགན་ལེན་དང་། ལོ་ལྔ་ཚན་གྱི་འཆར་གཞི་བསྒྲིགས་ཏེ་སྐུལ་འདེད་གཏོང་བཞིན་པ་སྦིར་སྒྲོགས་བྱས་འདུག་ཅིང་། དབུལ་ཕོངས་ལས་ཐར་བའི་མི་འབོར་ཕྱིར་བསྐྱོད་ལས་ཀ་བྱེད་མཁན་འབུམ་གཉིས་ལྷག་བརྟན་གནས་ཐུབ་ཚུལ་ཙམ་ལས་ཕྱིར་བསྐྱོད་བྱ་ཡུལ་རྫོང་ངམ་ས་ཁུལ། ལྗོངས་བཅས་གང་ཞིག་ལ་ཚད་བཟུང་བྱས་མིན་མི་རྟོགས་ཀྱང་། བོད་རིགས་གཞོན་དར་མི་ཉུང་བ་ཞིག་ཚོ་ཁག་བཟོས་པའམ་རྣམ་པ་གཞན་ཅི་རིགས་བརྒྱུད་རྒྱ་ནག་ཏུ་ཁྲིད་པའི་གནས་ཚུལ་རིམ་ཅན་དུ་ཐོན་གྱི་ཡོད་པ་དཔེར་ན། མཚོ་བྱང་ཁུལ་གྱིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ཁྲི་བཞི་ཡིས་ཡུལ་གཞན་ནས་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་ཟེར་བ་དེའི་ཁོངས། མ་དངུལ་སྒོར་ས་ཡ་གཅིག་གི་འཐེན་ཐུག་དངུལ་བུན་བྱིན་ནས། ངལ་རྩོལ་པ་དྲུག་བརྒྱ་དང་བཞི་བཅུ་ལ་རོགས་བྱས་ནས་རྒྱལ་ཡོངས་ནས་འཐེན་ཐུག་ཟ་ཁང་ཕྱེ་ལུགས་རྒྱ་གཞུང་རང་གིས་སྒྲོག་གི་ཡོད་ལ། བོད་ས་སྟོད་སྨད་བར་གསུམ་དུ་ཁོར་ཡུག་སྲུང་སྐྱོབ་དང་། འཛུགས་སྐྲུན་ལས་གཞི། དབུལ་སྐྱོར་སོགས་ལ་ཁག་བཏགས་ཏེ་བཙན་ཤེད་ཀྱིས་གཞིས་སྤོ་ལས་གཞི་རྒྱ་ཁྱབ་ཏུ་སྤེལ་བཞིན་པའི་གནས་ཚུལ་གཅིག་ཀྱང་བཀོད་མི་འདུག
བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཟེར་བ་དེ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་ཚུལ་ལམ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ངོས་འཛིན་ལྔ་ (རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་དང་། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན། ཀྲུང་ཧྭ་རིག་གཞུང་ལ་ངོས་འཛིན། རྒྱ་ནག་གུང་ཁྲན་ཏང་ལ་ངོས་འཛིན། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ངོས་འཛིན།) དར་སྤེལ་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ། བོད་བརྒྱུད་ནང་བསྟན་གཏིང་ཟབ་ཀྱི་སྒོ་ནས་ཀྲུང་ཧྭ་ཕུལ་བྱུང་རིག་གཞུང་ནང་འདྲེས་བསྲེས་ལ་སྐུལ་འདེད་དང། བོད་བརྒྱུད་ནང་བསྟན་ཚོགས་སྡེའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས། མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན་ལུགས་སྒྲོག་གི་ཡོད་ཅིང་། དཔལ་ནཱ་ལེན་དྲ་ནས་བརྒྱུད་པའི་བོད་ཀྱི་སྲོལ་རྒྱུན་གྱི་ནང་ཆོས་སློབ་གཉེར་ལམ་ལུགས་རྩ་བསྒྱུར་བཏང་སྟེ་བླ་སྤྲུལ་དང་གྲྭ་བཙུན་རྣམས་རྒྱ་ལུགས་ཀྱི་སློབ་གྲྭའི་འགྲོ་ལུགས་ལྟར་རྒྱའི་སྐད་ཡིག་དང་དམར་པོའི་ལྟ་སྤྱོད་སློབ་སྤེལ་ཤུགས་ཆེར་གཏོང་ཆེད། སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་ཟུང་འབྲེལ་དང་། སྲོལ་རྒྱུན་ཤེས་ཚད་ལག་ཁྱེར་དང་དེང་རབས་ཤེས་ཚད་ལག་ཁྱེར་མཐུད་སྦྱར་ཏེ། རིམ་པ་གསུམ་གྱི་ཤེས་ཚད་ལག་ཁྱེར་ལམ་ལུགས་ཚད་ལྡན་བཟོ་རྒྱུ་ཟེར་གྱི་ཡོད་ཅིང་། དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བཀོད་འདོམས་འོག །ལོ་ངོ་བཅུ་ཕྲག་ལྷག་རིང་བོད་བརྒྱུད་ནང་བསྟན་བསྟན་དོན་འཆད་འགྲེལ་གྱི་དེབ་བཅུ་གྲངས་ཤིག་རྩོམ་སྒྲིག་བྱས་སྐོར་དེ་རིགས་ནི་དམར་པོའི་ལྟ་སྤྱོད་ཀྱི་དགོས་མཁོ་ལྟར་བཀའ་བསྟན་གྱི་དགོངས་དོན་ལོག་འགྲེལ་གྱི་ལས་ངན་ཚབས་ཆེན་ཞིག་ཡིན་པ་སྨོས་མེད་དང་། དགོན་སྡེ་དམངས་གཙོ་དོ་དམ་ལྷན་ཚོགས་ཟེར་བའི་ནང་དམར་ཤོག་གི་སྒྲིག་འཛུགས་བཙུགས་ཏེ། ཆོས་སྡེ་ཁག་གི་འཛིན་སྐྱོང་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ལ་སྟངས་འཛིན་དང་། ཆོས་ལུགས་ལས་རྒྱལ་ཁབ་གལ་ཆེ་བ་དང་། ཆོས་ཁྲིམས་ལས་རྒྱལ་ཁྲིམས་མཐོ་བ། ཆོས་དད་མང་ཚོགས་ལས་སྤྱི་དམངས་གལ་ཆེ་ལུགས་སྒྲོག་འགྲེལ་བྱེད་བཞིན། དགོན་པའི་འདུ་ཁང་རྩེ་ཐོག་དང་གྲོང་པའི་ཁང་ཐོག་གང་སར་རྒྱ་གཞུང་གི་དར་དམར་སྒྲེང་འཛུགས་དང་། འདུ་ཁང་དང་། ཚོགས་ཁང་། སྒེར་པའི་ཁང་ཁྱིམ་སོགས་ཀྱི་ནང་མའོ་ནས་ཞི་ལ་ཐུག་པའི་བར་གྱི་རྒྱ་དཔོན་ལྔའི་པར་རིས་དཔྱང་འགེལ་བྱེད་དུ་འཇུག་གི་ཡོད། ད་དུང་ཡིག་ཆ་དེའི་ནང་། ཏཱ་ལའི་བླ་མ་དང་། པཎ་ཆེན་རིན་པོ་ཆེ་སོགས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་སྐབས། རྒྱལ་ནང་ནས་འཚོལ་ཞིབ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་ནས་བཀའ་འཁྲོལ་གྱི་རྩ་དོན་ངེས་པར་བརྩི་སྲུང་དགོས་ཟེར་བ་ནི་རྒྱ་དཔོན་ཁག་ཅིག་ཆབ་སྲིད་ཀྱི་འཁྲུལ་སྣང་གིས་བསླུས་པའི་སྐྱུག་བྲོ་བའི་སྨྱོ་རྟགས་བསྟན་པ་ཙམ་ཞིག་དང་། ནང་ཆོས་ཀྱི་ལྟ་གྲུབ་རྒྱབ་བསྐྱུར་དང་། སྤྲུལ་སྐུ་བསྟན་དོན་ལ་བྱོན་པའི་དགོས་དམིགས་རྡོག་བརྫིས་བཏང་སྟེ། རྒྱལ་སྤྱིའི་ནང་རྒྱ་ཁྱབ་ཏུ་དར་འཕེལ་འགྲོ་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་གནས་བབ་རྒྱུས་ལོན་མེད་པའི་ཧམ་བཤད་ཁོ་ན་ཡིན།
རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཟེར་བའི་དམིགས་ཡུལ་ནི། རྒྱ་ནག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། དམར་པོའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་ཡིན་ལུགས་དང་། སྤྱི་སྐད་ཁྱབ་གདལ་གཏོང་བ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་གཏོང་རྒྱུར་གལ་ཆེའི་བྱེད་ནུས་འདོན་སྤེལ་ཐུབ་ལུགས་སྒྲོག་གི་ཡོད་པ་དང་། ལོ་ངོ་བཅུ་ཕྲག་དུ་མའི་རིང་བོད་ཕྲུག་རྣམས་རྒྱ་ནག་ཏུ་ཁྲིད་དེ་བོད་ལྗོངས་སློབ་གྲྭ་དང་འཛིན་གྲྭ་ཟེར་བ་ཇི་སྙེད་ཅིག་བཙུགས་པའི་ལས་གཞི་མུ་མཐུད་རྒྱ་བསྐྱེད་གཏོང་བཞིན་པ་མ་ཟད། མདོ་སྟོད་སྨད་ཁུལ་གྱི་བོད་ཕྲུག་རྣམས་ཀྱང་རྒྱ་ནག་གི་སློབ་གྲྭ་ཁག་ནང་བསྡུ་ཁྲིད་ཇེ་མང་དུ་གཏོང་བཞིན་ཡོད་ལ། བོད་ཁུལ་གྱི་གཞི་རིམ་སློབ་གྲྭ་ཁག་ཏུ་བོད་རིགས་སློབ་ཕྲུག་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭ་ཁག་ནང་བཅུག་སྟེ་ཕྱི་རྒྱར་སྒོ་བསྡམས་ཀྱིས་འཛིན་སྐྱོང་དང་། རོང་འབྲོག་ཁུལ་དུ་གཞི་ཁྱོན་ཆེ་བའི་སྔོན་འགྲོའི་སློབ་གྲྭ་གསར་འཛུགས་བྱས་པ་དེ་དག་ཀྱང་ཕལ་ཆེ་བར་བོད་སྐད་ཀྱིས་སློབ་ཁྲིད་མཚམས་འཇོག་བྱས་ཡོད་ཅིང། རང་སྐྱོང་གི་མིང་བཏགས་པའི་འཛིན་སྐྱོང་ས་ཁུལ་གྱི་སྲིད་གཞུང་སྡེ་ཁག་གི་ལས་བྱེད་གསར་བསྡུའི་སྐབས་སུ་བོད་ཡིག་གི་ཡིག་རྒྱུགས་མེད་པ་བཟོས་པ་མ་ཟད། གཞི་རིམ་སྒྲིག་འཛུགས་བར་གྱི་གཞུང་འབྲེལ་སྐད་ཡིག་རྒྱ་སྐད་དུ་བསྒྱུར་ཟིན་པ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་དམངས་ཁྲོད་ཀྱི་ལས་འགུལ་བ་རྣམས་ཆབ་སྲིད་ཀྱི་ཉེས་ཅན་པར་བརྩིས་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ། བོད་ཡུལ་དུ་བོད་ཀྱི་སྐད་ཡིག་སྤྱོད་སྒོ་མེད་པར་བཟོ་བཞིན་པ་ཡོངས་གྲགས་ཡིན་ཞིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་རྗེས་ལོ་ནས་བཟུང་གཞི་རིམ་འོག་མ་ནས་གོང་མའི་བར་དུ་བོད་ཡིག་སློབ་ཁྲིད་མེད་པ་བཟོ་རྒྱུའི་བརྡ་ཁྱབ་བཏང་ཟིན་པའི་གནས་ཚུལ་རིམ་པར་ཐོན་ཡོད། ཡིག་ཆ་དེའི་ནང་། སློབ་ཆུང་དང་སློབ་འབྲིང་ཚང་མར་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་དང་། བོད་ཀྱི་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་ཡོད་ཟེར་བ་མ་གཏོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་བཏོན་མེད་ལ། འཕྲོད་བསྟེན་དང་། སྦྲག་སྲིད། བརྡ་འཕྲིན། འགྲིམ་འགྲུལ། དངུལ་རྩ། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་སྐད་ཡིག་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་ཟེར་བ་ནི་རྫུན་རྒྱབ་རྫུན་སྣོན་ཁོ་ན་སྟེ། གཞི་རིམ་སློབ་གྲྭ་ནས་བོད་ཡིག་སློབ་ཁྲིད་འགོག་སྡོམ་དང་། ལས་བྱེད་འཚང་རྒྱུགས་ནང་བོད་ཡིག་ཕྱིར་བསྡུ་བྱས་ཟིན་པ་ཞིག་ལ། བོད་ཀྱི་སྐད་ཡིག་རྒྱ་ཁྱབ་ཏུ་སྤྱད་ཡུལ་ལྷག་མེད་པ་དང་། ལས་ཤོག་དང་སྒོ་བྱང་། ལམ་རྟགས་དང་། ས་ཚུགས། མེ་འཁོར་དང་སྣུམ་འཁོར་སོགས་སུ་བོད་རྒྱ་ཡིག་རིགས་མཉམ་བཀོད་བྱས་པ་ཙམ་ཞིག་ལ་ཟེར་གྱི་ཡོད་ན་མ་གཏོགས། བོད་ལུགས་གསོ་རིག་ལས་གཞན་གྱི་གོང་གསལ་ལས་ཁུངས་མ་ལག་ནང་བོད་ཡིག་བཀོལ་སྤྱོད་འགོག་སྡོམ་བྱས་ཟིན་འདུག
ཡིག་ཆ་དེའི་ནང་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་ཟེར་བའི་ཁོངས་སུ་རིག་གནས་གསར་རྩོམ་དང་། རྒྱང་བསྒྲགས་བརྙན་འཕྲིན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལྟེ་གནས། འགྲེམས་སྟོན་ཁང་སོགས་ཀྱི་གྲུབ་འབྲས་བགྲངས་པའི་ནང་། བོད་ཀྱི་ཆོས་རིག་སྲོལ་རྒྱུན་དང་། ཡུལ་སྲོལ་གོམས་གཤིས་ལ་འབྲེལ་བ་གཏན་ནས་མེད་པར། བཙན་ཤེད་ཀྱི་སྒོ་ནས་ཀྲུང་ཧྭ་རིག་གཞུང་བརྟན་སྲུང་དང། དེང་རབས་ཀྱི་སྙིང་སྟོབས་མཚོན་ཆེད་དམར་པོ་ལ་བསྟོད་བསྔགས་དང། བཙན་འཛུལ་ལ་དྲིན་གཟོ་བྱེད་དུ་འཇུག་གི་ཡོད་པ་གསལ་སྟོན་བྱས་འདུག་ལ། དཔལ་འབྱོར་འཕེལ་རྒྱས་བཏང་ལུགས་ཀྱི་རོགས་དངུལ་གྲངས་འབོར་དང་། རྣམ་གྲངས་དེ་རིགས་གུང་ཁྲན་ཏང་གི་བྱས་རྗེས་ཁོངས་བགྲང་གི་ཡོད་རུང་། དེ་དག་བོད་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩའི་ཆེད་དུ་མ་ཡིན་པར། གུང་ཁྲན་ཏང་གི་དབང་བསྒྱུར་སྟབས་བདེ་དང་། བོད་མིར་བྱ་ར་སྟངས་འཛིན་གྱི་ཆེད་ཡིན་པ་གསལ་པོ་རེད། བོད་ཀྱི་ས་ཁྱོན་གསུམ་ཆ་གཅིག་ཙམ་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། སྤྱི་གླིང་ཟེར་བར་བཅད་བགོས་བྱས་འདུག་པའི་ཕུགས་དམིགས་ནི། དུས་རབས་སྔ་མའི་ནང་། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ཅིག་གིས་གདོད་མའི་མི་རིགས་ཀྱི་ས་ཆ་གཡོ་འཕྲོག་གི་བྱེད་སྟངས་ལ་གུང་ཁྲན་ཏང་གིས་བསམ་བཞིན་དུ་ལད་ཟློས་བྱེད་ཀྱི་ཡོད།
ཡིག་ཆ་དེའི་ནང་ད་དུང་བོད་ལ་དབྱིན་སྐད་ཐོག་ (Tibet) ཟེར་བ་དེ་རྒྱ་སྐད་ཕིང་དབྱིན་གྱི་ (xizang) ཞེས་བཟོ་བཅོས་དང། ལྷ་ས་སོགས་གྲོང་ཁྱེར་ནས་གྲོང་གསེབ་བར་གྱི་ས་མིང་རྣམས་ཀྱང་རྒྱ་སྐད་ཕིང་དབྱིན་དུ་བསྒྱུར་དང་སྒྱུར་བཞིན་པ་དེ་འཛམ་གླིང་གི་ས་ཁྲ་དང་། མི་རྣམས་ཀྱི་དྲན་ཡུལ་ནས་བོད་འདི་ཡལ་འགྲོ་ཉེན་དོགས་སློང་བྱེད་སྐབས། ནུབ་ཕྱོགས་པའི་མི་འགའ་ཤས་ལ་བསམ་ཚུལ་ཡོང་སྲིད་ཀྱང་། ངོས་ལེན་བྱེད་ཐུབ་དང་མི་ཐུབ་དེ་ཁོ་ཚོའི་གནད་དོན་རེད་ཅེས་ལན་འདེབས་བྱས་ཡོད།
ང་ཚོས་སྐད་གསེང་མཐོན་པོས་ཤོད་ཐུབ་པ་ཞིག་ནི། མི་ལོ་ཆིག་སྟོང་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རིག་པའི་གནས་བཅུ་ཡིས་རབ་ཏུ་ཕྱུག་པའི་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བ་དང་། རིགས་རུས་ཤན་འབྱེད་སྤང་བྱར་བཞག་ཅིང་། དབང་རིས་ས་ཁོངས་ཀྱི་དབྱེ་བ་མི་འབྱེད་པའི་སངས་རྒྱས་ཤཀྱཱ་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཀྲུང་གོ་ཅན་དུ་བསྒྱུར་བ་དང་། བྱམས་བརྩེ་དང་། འཚེ་མེད་ཞི་བ་བླ་སྲོག་རྣམ་ཤེས་སུ་ཐིམ་པའི་བོད་ཀྱི་རིག་གཞུང་འདི་འཚེ་བའི་གསར་བརྗེ་དང་འཐབ་རྩོད་ཀྱིས་བཅོམ་བརླགས་དང། ཕ་སྤྲེའུ་དང་མ་བྲག་སྲིན་མོ་ལས་མཆེད་ཅིང་། འཛམ་གླིང་ཡང་རྩེའི་ས་འཛིན་དང་པོ་བོད་མི་རིགས་འདི་རྒྱ་རིགས་སུ་སྒྱུར་འདོད་མཁན་དེ་ཚོའི་བསམ་ཚོད་ནི་རང་གཞན་གཉིས་ཕུང་གི་རྩིས་ནོར་འབའ་ཞིག་ཡིན།
བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཧྭ་ཤང་ཁག་ཅིག་གིས་རྒྱ་ནག་གི་རུའུ་ལུགས་དང་། ཏའོ་ཆོས་ལུགས། དེ་བཞིན་ནང་པའི་བསམ་གཏན་གྱི་ཆོས་བརྒྱུད་ལས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་གྲུབ་རྣམས་བོད་ཀྱི་མཐའ་ཁུལ་ནས་ཡུལ་དབུས་སུ་སྤེལ་ཐབས་བྱས་ཏེ། བཙན་པོའི་ཕོ་བྲང་གི་ནང་འཁོར་དང་། བློན་ཆེན་ཁྲོད་དུ་ཤུགས་རྐྱེན་ཐེབས་པ་མ་ཟད། བསམ་ཡས་གཙུག་ལག་ཁང་གི་སྒྲིག་ཁྲིམས་དང། འཆད་ཉན་ལའང་ཉེན་ཁ་བྱུང་སྟབས། བཙན་པོ་དབུ་བཞུགས་ཐོག །རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་དང་། རྒྱ་གར་གྱི་པཎྜི་ཏ་པད་མའི་ངང་ཚུལ་ (ཀཱ་མ་ལ་ཤཱི་ལ་) དབར་རྩོད་ཤགས་འགྱེད་དུ་བཅུག་པར། ཧྭ་ཤང་རྣམས་ཕམ་སྟེ་བོད་ནས་ཕྱིར་འབུད་བཏང་བས། ཚང་ལ་མ་ནོར་བའི་རྒྱལ་བསྟན་རིན་པོ་ཆེ་བོད་ཀྱིས་ད་བར་གཅེས་ཉར་བྱེད་ཐུབ་ཡོད།
མའོ་ཙེ་ཏུང་གིས་དྲག་གནོན་དང་བཙན་དབང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་དེས། བོད་ནང་སྔར་མ་གྲགས་པའི་མུན་ནག་གི་དུས་རབས་ཤིག་བྱུང་ཡོད་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་སྐུལ་འདེད་དང་། གཞིས་ལུས་བོད་མིས་སེམས་ཤུགས་ཆེན་པོས་དཀའ་སྤྱད་ལ་བརྟེན་ནས། དུས་ཡུན་ཐུང་ངུའི་ནང་བོད་ཀྱི་ཆོས་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱུང་ཐུབ་པ་མ་ཟད། འཛམ་གླིང་རང་དབང་ཡུལ་གྲུ་དང་ཧི་མ་ལ་ཡའི་རི་རྒྱུད་དུ་གསོན་ཤུགས་ལྡན་པའི་ངང་འཚོ་གནས་ཐུབ་ཡོད་པ་དང་། དེ་ཡང་དེང་རབས་ཅན་གྱི་འཕེལ་འགྲོས་དང་མཐུན་པའི་སྒོ་ནས་ཡར་རྒྱས་སུ་འགྲོ་བཞིན་ཡོད་སྟབས། གུང་ཁྲན་ཏང་གི་དུས་རབས་གསར་པའི་བོད་སྐྱོང་སྲིད་ཇུས་ཟེར་བ་འདི་རིགས་ཀྱིས་རྩ་གཏོར་གཏོང་ཐབས་མེད་པ་ནི་ཁ་ཚོན་གཅོད་ཆོག
ཡིན་ནའང་། གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་མི་རིགས་རང་སྐྱོང་གི་ཐོབ་ཐང་འགན་ལེན་བྱས་པ་རྣམས་རྡོག་རོལ་དུ་བཏང་སྟེ། མི་རིགས་རྩ་མེད་ཀྱི་གདུག་རྩུབ་སྲིད་ཇུས་འཕྲལ་དུ་མཚམས་འཇོག་མ་བྱས་ཚེ། སྲིད་པ་ཆགས་པ་ནས་མཛའ་མཐུན་ངང་ཁྱིམ་མཚེས་སུ་མཉམ་གནས་བྱུང་བའི་རྒྱ་བོད་མི་རིགས་དབར་གསོ་ཐབས་མེད་པའི་དམ་སེལ་རྨ་ཁ་བཟོ་ཉེན། ལོ་ངོ་ ༧༥ གོང་གི་ཁ་སང་སྟེ། ཕྱི་ལོ་ ༡༩༤༨ ཟླ་ ༡༠ ཚེས་ ༩ ཉིན། མཉམ་འབྲེལ་རྒྱལ་ཚོགས་ནས་རིགས་རྒྱུད་རྩ་གཏོར་གྱི་ནག་ཉེས་སྔོན་འགོག་དང་ཉེས་ཆད་ཀྱི་ཆིངས་དོན་གཏན་འབེབས་བྱས་པ་དེར་རྒྱ་གཞུང་གིས་ཕྱི་ལོ་ ༡༩༨༣ ལོར་མོས་མཐུན་མིང་རྟགས་བཀོད་ཟིན་ཡོད་སྟབས། རྒྱལ་སྤྱིའི་ཁྲིམས་ལའང་སྡིག་པ་མིག་བཙུམ་བྱེད་པའི་ནག་ཉེས་དེ་སྡིག་ལས་རྩོམ་མཁན་ཚོས་འགན་ཁུར་ལེན་དགོས་པ་སྨོས་མེད་ཡིན།
མཐའ་དོན། ས་ཆེན་ཧྲིལ་པོར་ཞི་བདེའི་སྣང་བས་ཁྱབ་ཅིང་། འཇིག་རྟེན་མཐའ་དབུས་ཀུན་ཏུ་རང་དབང་དང་། འདྲ་མཉམ་གྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པའི་རེ་སྨོན་ཞུ་རྒྱུ་དང་། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་བཟང་སྤྱོད་སྐུལ་སྤེལ་གྱི་ཆེད་དུ་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༠ ལ། །