༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༩ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ ༧།༤༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྟོན་འཁོར་ཧྲག་བསྡུས་དང་བཅས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། དེ་རྗེས་རྒྱ་གར་བྱང་ཤར་འབྲས་ལྗོངས་སྒང་ཏོག་དང་། ནུབ་བྷང་གྷལ་དུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱང་ཆེད་ག་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད།
དེ་ཡང་མཛད་འཆར་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་ ༡༢ ཉིན་སྒང་ཏོག་འབྲས་ལྗོངས་དཔལ་འབྱོར་རྩེད་ཐང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། ཕྱི་ཚེས་ ༡༤ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་པ་བཅས།།