༄༅། །རྒྱ་གཞུང་ཉེན་རྟོག་པས་བོད་སེར་ཤུལ་རྫོང་ནས་བོད་ཀྱི་བུད་མེད་གཉིས་འཛིན་བཟུང་བྱས་འདུག་པ་དང་ད་ལྟའི་ཆར་ཁོང་རྣམ་གཉིས་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་འདུག
དེ་ཡང་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་དྲ་ལམ་ཞིབ་བཤེར་དང་དམ་དྲག་ཤུགས་ཆེར་བཏང་ནས། བོད་ཁུལ་གྱི་ས་གནས་གང་སར་གློག་འཕྲིན་ཁ་བསླུས་དང་ཁྲིམས་འགལ་ཉེས་གསོག་གི་མིང་བྱང་འདྲ་མིན་འོག་ཏུ། ཉེས་མེད་བོད་མི་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་པ་ལྟར། སེར་ཤུལ་རྫོང་ཉེན་རྟོག་པས་བོད་ཀྱི་བུད་མེད་མཚོ་མོ་དང་ཉི་སྒྲོན་ཞུ་བ་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ནས་དུས་ཡུན་བདུན་ཕྲག་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད་ཅིང་། ཁོང་གཉིས་ས་གནས་གང་དུ་བཀག་ཉར་བྱས་མིན་དང་གནས་སྟངས་ཅི་འདྲ་ཡིན་མིན་ཤེས་རྟོགས་མ་ཐུབ་པར་ལྷག་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་སེར་ཤུལ་རྫོང་སྐར་ཆེན་ཤང་ནས་ཡིན་པའི་བོད་ཀྱི་བུད་མེད་མཚོ་མོ་དང་ཉི་སྒྲོན་ཞུ་བ་གཉིས་ཀྱིས་འཕྲིན་ཕྲན་ཚོགས་པ་(རླུང་རྟ་ཡར་འགྲོ། མི་གྲངས་ ༣༢༠) དང་ (ས་ཏ་ཚོགས་པ། མི་གྲངས་ ༤༦༩) གཉིས་ཀྱི་ནང་དུ། ནང་ཆོས་ངོ་སྤྲོད་དང་དགེ་སྒྲུབ་སྡུག་སྤོངས་ཀྱི་སྒྲ་ཐག་བརྒྱུད་སྐུར་བྱས་པའི་ཉེས་འཛུགས་འོག་ཏུ། སེར་ཤུལ་རྫོང་སྐར་ཆེན་ཤང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས། སེར་ཤུལ་རྫོང་ཉེན་རྟོག་ཁང་དུ་ཁྲིད་འདུག ཅེས་དང་།
འདི་ལོར་ཆོས་ཕྱོགས་ཀྱི་བྱེད་སྒོར་དམིགས་བསལ་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུག དཔེར་ན། སྐར་ཆེན་ཤང་གཅིག་པུར་ཆོས་ཕྱོགས་དང་འབྲེལ་ནས་ཡུལ་མི་མང་པོ་ཞིག་འབོད་འགུག་དང་འདྲི་གཅོད་བྱས་ནས་རིམ་པར་གློད་གྲོལ་བཏང་འདུག ཡིན་ནའང་གོང་ཞུས་བུད་མེད་མཚོ་མོ་དང་ཉི་སྒྲོན་གཉིས་འཛིན་བཟུང་བྱས་ནས་དུས་ཡུན་བདུན་ཕྲག་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད་ནའང་། འབྲེལ་ཡོད་ཉེན་རྟོག་པས་ནང་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར། ཁོང་གཉིས་གར་ཡོད་ཅི་བྱས་ཀྱི་གནས་ཚུལ་ཤེས་ཀྱི་མི་འདུག ཅེས་བརྗོད་སོང་།
གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་རྒྱུར། མཚོ་མོ་དང་ཉི་སྒྲོན་གཉིས་ནི་ནམ་ཞར་དང་བླངས་ཀྱི་སྒོ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ནས་གཞི་རིམ་ཆོས་དད་མི་དམངས་ལ་ཞབས་ཞུ་སྒྲུབ་མཁན་དང་། ལྷག་པར་དབུལ་པོ་ཉམ་ཐག་དང་བདག་མེད་རྒན་རྒོན་ཚོར་ཟླ་རེར་ཟ་འབྲུ་སོགས་ཀྱི་རོགས་རམ་གནང་མཁན་བུད་མེད་བྱམས་བརྩེ་དང་ལྡན་པ་གཉིས་ཡིན་པ་རེད། ཁོང་གཉིས་ཀ་གཉེན་ཚན་ཡིན་ཞིང་། མཚོ་མོར་བྱིས་པ་གཉིས་ཡོད་པ་དང་བཟའ་ཟླའི་མིང་ལ་ཉི་དགའ་ཟེར་ཞིང་། ཁོང་གིས་སྐྱེ་དགུ་མདོར་མདའ་མའི་ཚོང་ཁང་ཟེར་བ་ཞིག་ཏུ་ལས་ཀ་བྱེད་ཀྱི་འདུག ཉི་སྒྲོན་ནི་མོའི་ཨ་མ་དང་མཉམ་དུ་ཚོང་ལས་ཙག་ཙིག་གཉེར་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། ཅེས་བརྗོད་སོང་།