༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་སྐུ་མགྲོན་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་ལགས་དང་། བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས། སུད་སི་དོན་ཁང་གི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས། གཞན་ཡང་གཞུང་ཁོངས་མ་ཡིན་པའི་སྐུ་ཚབ་རྣམ་པ། མི་མང་བཅས་ཚང་འཛོམས་ཐོག་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་འདོན་འགོ་འཛུགས་གནང་བ་དང་། སུད་སི་དང་ལེག་ཏེན་སིཊ་ཡན་བོད་རིགས་མི་མང་ཟློས་གར་ནས་བོད་རྒྱལ་ཁབ་ཆེན་པ་རྒྱལ་གླུ་དང་། ནོ་སྦེལ་ཞི་བདེའི་བསྟོད་དབྱངས་རྔ་རོལ་དང་བཅས་བླངས་རྗེས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད། དེ་ནས་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་མི་མང་ལ་འཚམས་འདྲི་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་བསྟན་འཛིན་བྱང་ཆུབ་ལགས་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཐུབ་བསྟན་རྒྱ་མཚོ་ལགས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད། དུས་ཆེན་འདི་དང་སྟབས་བསྟུན་ཉིན་ཤེས་རིག་ལས་ཁུངས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་རིགས་ཚོགས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་དགེ་རྒན་ལོ་གསུམ་ནས་ལྔ་ཧྲིལ་པོ་གནང་མཁན་རྣམས་ལ་ལེགས་གསོལ་ཕྱག་འཁྱེར་གནང་སྲོལ་ཡོད་པ་ལྟར་སུད་སི་ཁྱབ་ཁོངས་ས་གནས་བོད་སློབ་དགེ་རྒན་གྲངས་ ༢༠ ལ་ཕྱག་འཁྱེར་འབྱོར་བ་རྣམས་བགོ་འགྲེམས་གནང་ཡོད་པ་དང་བཅས། །