༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༠ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་གི་ཡུལ་སྐོར་སྤྲོ་འཆམ་པ་འཛོམས་སའི་ས་ཚིགས་ལྟེ་བོ་ཅོ་རཱ་སི་ཏར་སྐུ་མགྲོན་གཙོ་བོ་ཇི་ཊི་ཨེའི་དབུ་འཛིན་སྐུ་ཞབས་ཨ་ནིཏ་ཐཱ་པ་ (Shri Anit Thapa, Chief executive of the Gorkhaland Territorial Administration(GTA)) མཆོག་ཕེབས་བཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༤ འཁོར་བའི་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་དུས་དྲན་གཉིས་འཛོམས་དེ་བཞིན་སྲུང་བརྩི་གཟབ་རྒྱས་ཞུས་ཐུབ་པ་བྱུང་ཡོད། དེ་ཡང་གོང་ཚེས་ཉིན་སྔར་ལམ་བཞིན་རྡོར་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་གིས་གཙོས་ས་གནས་ཀྱི་བོད་མིའི་ཚོགས་སྐྱིད་ཁག་མཉམ་རུབ་ཀྱིས་འགན་ཁུར་ཐོག་ཉིན་དེའི་སྔ་ཐོག་བོད་ལྗོངས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་སྐུལ་དང་བསང་མཆོད་ཕུལ་བ་དང་། དེ་ནས་ས་གནས་འགོ་འཛིན་གྱིས་སྤོས་སྣེ་སྔོན་བསུས་ཏེ་བསུ་ཁེ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ནས་སེར་སྦྲེངས་དང་། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་ས་གནས་རང་བདེན་ཚོགས་ཆུང་གཙོ་བོར་གྱུར་པའི་ས་གནས་ཀྱི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམས་རྡོར་གླིང་ས་འགོ་ལས་ཁུངས་ནས་བསྟར་བསྒྲིགས་ཀྱིས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་དུས་ཆེན་གོ་སྒྲིག་གནང་ཡུལ་ཅོ་རཱ་སི་ཏར་གདན་ཞུ་དང་བཞུགས་ཁྲིར་མངའ་གསོལ་ཞུས་རྗེས། ས་གནས་འགོ་འཛིན་གྱིས༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རིམ་བཞིན་ས་གནས་ཀྱི་ཚོགས་སྐྱིད་ཁག་དང་མི་མང་བཅས་ནས་མཇལ་དར་སྒྲོན་འབུལ་ཞུས་ཡོད།ལྷག་དོན་དེ་ཉིན་ཇི་ལྟར་མགྲོན་འབོད་ཞུས་དོན་ལྟར་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ཊི་ཨེའི་དབུ་འཛིན་སྐུ་ཞབས་ཨ་ནིཏ་ཐཱ་པ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་ཇི་ཊི་ཨེའི་སློབ་སྟོན་པ་ཆེན་མོ་སྐུ་ཞབས་ཨ་མར་བླ་མ་མཆོག (Shri Amar Lama, Principal Advisor of the GTA) དེ་བཞིན་དམིགས་བསལ་སྐུ་མགྲོན་ཁོངས་སུ་རྡོར་གླིང་གྲོང་སྡེ་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་དྷི་པེན་ཋ་ཀུ་རི་ (Shri Dipen Thakuri, Municipality Chairman, Darjeeling) ལགས་དང་། རྡོར་གླིང་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བསམ་གྲུབ་འབྲུག་པ་ (Mr. Sendup Dukpa, President, ITFS Darjeeling) ལགས། གཞན་ཡང་རྡོར་གླིང་ས་གནས་འགོ་འཛིན་འདན་མ་ཚང་པདྨ་ཚེ་རིང་ལགས། རྡོར་གླིང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་འགྱུར་མེད་བརྩོན་འགྲུས་ལགས་གཙོས་པའི་རྡོར་གླིང་བོད་མིའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ་དང་། རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་དགོན་སྡེ་གྲྭ་ཚང་ཁག་གི་མཁན་བླ་དགེ་འདུན་རྣམ་པ་དང་། རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ཕྱི་ནང་མི་མང་བཅས་མི་ཚོགས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་དབུས་སུ་བོད་ཨིན་སྐད་ཡིག་གཉིས་ཀྱི་ཐོག་ནས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་འགྱུར་མེད་བརྩོན་འགྲུས་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་། ས་གནས་འགོ་འཛིན་འདན་མ་ཚང་པདྨ་ཚེ་རིང་ལགས་ཀྱིས་དཔལ་ལྡན་བཀའ་ཤག་གི་གཏམ་བཤད་བཅས་སྒྲོགས་སྦྱང་གནང་ཡོད། དེ་བཞིན་ཆེ་བསྟོད་སྐུ་མགྲོན་མཆོག་དང་། དམིགས་བསལ་སྐུ་མགྲོན་མཆོག་བཅས་ནས་ཀྱང་གཏམ་བཤད་གནང་བ་དང་། ཁོང་རྣམ་གཉིས་ཀྱི་གཏམ་བཤད་ཀྱི་སྙིང་དོན་དུ་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བདེ་དོན་དང་ཀུན་གྱི་ཕན་རླབས་ལ་སྨན་པའི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་མུས་ལ་དད་པ་དང་བརྩི་བཀུར་གང་ལེགས་ཞུས་ཡོད། མཛད་སྒོའི་ཐོག་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་མི་མང་གི་ངོ་ཚབ་མཚོན་པའི་ཚོགས་སྐྱིད་ཁག་མཉམ་སྦྲེལ་ཐོག་ནས་སྐུ་མགྲོན་རྣམས་ལ་དྲན་རྟེན་ཕྱག་རྟགས་ (Memento) རེ་དཀར་གཙང་མཇལ་དར་དང་བཅས་ཕུལ་ཡོད། ཕྱོགས་མཚུངས་མཛད་སྒོའི་ཐོག་རྡོར་གླིང་སཾ་བྷོ་ཊ་གཏན་སློབ་དང་། རྡོར་གླིང་བུད་མེད་ལྷན་ཚོགས། རྡོར་གླིང་རང་འཚོ་བཟོ་གྲྭ་བཅས་ནས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་སྣ་མང་ཞིག་གཟིགས་འབུལ་གནང་བ་དང་། དེ་བཞིན་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་ངོས་ནས་བོད་དོན་སྐོར་གོ་རྟོགས་སྤེལ་ཐབས་སུ་རང་རེའི་དུས་ཆེན་ཆེ་ཁག་བཞི་དང་བསྟུན་ཅོ་རཱ་སི་ཏའི་གཟུགས་མཐོང་བརྙན་འཕྲིན་ཆེན་མོའི་ཐོག་བོད་དོན་སྐོར་གྱི་གློག་བརྙན་དང་བརྙན་ཐུང་གཟིགས་འབུལ་གྲ་སྒྲིག་གནང་སྲོལ་ཡོད་པ་བཞིན། དེ་ཉིན་ཕྱི་ལོ་ ༡༩༨༩ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཆེན་མོས་མཚོན་བོད་དོན་སྐོར་གྱི་བརྙན་ཐུང་གཟིགས་འབུལ་གནང་བ་སོགས་ཀྱི་ལས་རིམ་སྣེ་མང་གོ་སྒྲིག་སྒོ་ནས་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་དུས་ཆེན་སྲུང་བརྩི་རྒྱ་གང་ཆེ་ཞུས་པར་ས་གནས་ཀྱི་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་སྐོར་དོ་སྣང་དང་གོ་རྟོགས་རྒྱ་ཆེ་བྱུང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།