༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༠ ནས་ ༢༣ བར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཐེངས་དང་པོ་འཚོག་བཞིན་པ་དང་སྟབས་བསྟུན་ཡུ་རོབ་གནས་འཁོད་ཝི་ཡཏ་ནཱམ་ནང་པའི་ལྷན་ཚོགས་ཀྱིས་ཚོགས་གཙོ་ཐིག་ནཊ་ཐིག་ (Thich Tanh Thiet) ལགས་དང་། ཚོགས་གཞོན་ཐིག་ནུ་དིན་ (Thich Nhu Dien) ལགས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་གསར་འགོད་བསྒྲགས་གཏམ་ནང་དུ་དགེ་འདུན་པའི་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་སྤྱི་དང་། ཁྱད་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་མཚམས་བཞག་སྟེ་བོད་མི་རྣམས་ལ་རང་ཆས་སུ་ཡོད་པའི་ཆོས་དད་རང་དབང་ལ་གུས་བརྩི་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད། དེ་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་འཛིན་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ངོས་འཛིན་གནང་སྐྱོང་མི་ཡོང་བའི་རེ་སྐུལ་གནང་ཡོད།
རྡོ་རྗེ་གདན་དུ་འཚོག་བཞིན་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཝི་ཡཏ་ནཱམ་ནང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་ཏུ་དགེ་འདུན་པ་ཐིག་ཁང་ད་འུ་ (Thich Quang Dao) ལགས་དང་། ཐིག་ཧན་ཏན་ (Thich Hanh Tan) ལགས་གཉིས་ལྷན་ཞུགས་གནང་གི་ཡོད། ཡུ་རོབ་ཏུ་རྟེན་གཞི་བྱས་པའི་ཝི་ཡཏ་ནཱམ་ནང་པའི་ལྷན་ཚོགས་ནི་ཡུ་རོབ་ཁྱོན་ཡོངས་སུ་ནང་པའི་མཆོད་རྟེན་ ༥༠ ཡོད་པའི་མཐུན་ཚོགས་ཤིག་ཡིན་པ་བཅས།།