༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༤ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ནས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་བཙན་སྒྱུར་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག་ཡོད།
དེ་ཡང་ཐེངས་འདིའི་གྲོས་ཆོད་དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བགྲོ་གླེང་ཞིབ་ལྷུག་གནང་རྗེས་གཏན་འབེབས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་གྲངས་ ༤༧༧ ནས་རྒྱབ་སྐྱོར་དང་། གྲོས་ཚོགས་འཐུས་མི་གྲངས་ ༡༤ ཡིས་དགག་པ། གྲོས་ཚོགས་འཐུས་མི་གྲངས་ ༤༥ མཉམ་ཞུགས་གནང་མེད་པ་རེད།
གྲོས་ཆོད་འདི་ཡིས་བོད་ནང་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་བཞིན་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་ནང་བོད་མིའི་ངོ་བོ་རྩ་མེད་གཏོང་བཞིན་པའི་གནས་སྟངས་ཙམ་མ་ཡིན་པར། སྤྱི་ཡོངས་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་བསྒྱུར་འོག་གི་བོད་ཀྱི་ཛ་དྲག་གནས་སྟངས་ཀྱང་གསལ་སྟོན་བྱས་ཡོད། ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་འདི་བརྒྱུད་རྒྱ་ནག་གཞུང་ནས་བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་འཕྲལ་དུ་ཕྱིར་བསྡུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་དང་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་རྣམས་ལ་སྲིད་དོན་བཀའ་བཅད་གཏོང་དགོས་པའི་རེ་སྐུལ་གནང་ཡོད་པ་རེད།
ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་གནས་སྟངས་དང་འབྲེལ་བའི་གྲོས་གཞི་དེ་གྲོས་ཚོགས་འཐུས་མི་ས་ལི་མ་ཡན་བུ་ (Salima Yenbou) ལགས་ཀྱིས་ངོ་སྤྲོད་གནང་ཞིང་། ཁོང་ནི་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད།
ཡུ་རོབ་གྲོས་ཚོགས་ནས་གལ་གནད་ཆེ་བའི་བོད་དོན་གྲོས་ཆོད་གཏན་འབེབས་གནང་བར་བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་དང་འབྲེལ། ཡུ་རོབ་གྲོས་ཚོགས་ནས་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བརྒྱུད་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བྱུས་བྱེད་སྐབས་དེ་ལྟ་བུའི་གྲོས་ཆོད་གཏན་འབེབས་གནང་བ་ནི་དུས་དང་འཚམས་པ་ཞིག་ཡིན། གྲོས་ཆོད་འདིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ཡང་སྒོས་བྱིས་པའི་ཐོབ་ཐང་རྡོག་རོལ་མུ་མཐུད་གཏོང་བཞིན་པ་གསལ་སྟོན་གནང་ཡོད་ཅེས་གསུངས་ཡོད་པ་བཅས།།