༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༢ ཉིན་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༣༤ འཁོར་བའི་དུས་ཆེན་ཕྱི་སྣུར་གྱིས་སྲུང་བརྩི་ཞུས་ཡོད་པ་རེད།
མཛད་སྒོའི་ཐོག་འབྲས་ལྗོངས་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨ་རུན་ཀུ་མཱར་ཨུབ་རི་ཏི་ (Arun K. Upreti) མཆོག་དང་། འབྲས་གཞུང་ཤིང་ནགས་དང་ཁོར་ཡུག་བློན་ཆེན་ཀརྨ་བློ་གྲོས་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱོགས་བཞུགས་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སེ་ར་བྱེས་ཀྱི་ཡན་ལག་དགོན་པ་འགྲོ་ཕན་གླིང་གི་མཁན་རིན་ཆེ། སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས། ས་འཐུས་ཀྱི་ཚོགས་གཙོ། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པའི་སྐུ་ཚབ། ས་གནས་བོད་མི་སོགས་ལྷན་ཞུགས་གནང་ཡོད། སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཏུ་ཧ་ཅང་ཚགས་ཚུད་པོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཤིག་གྲུབ་ཡོད་པ་དྲན་སྐུལ་གནང་བ་དང་སྦྲགས། དཀའ་ངལ་ཇི་ཙམ་འཕྲད་ནའང་བོད་མི་རྣམས་ནས་ཕན་ཚུན་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནང་དགོས་པའི་འབོད་སྐུལ་གནང་ཡོད། དེ་བཞིན་བཀའ་བློན་མཆོག་ནས་རྒྱ་གར་གྱི་སྐུ་མགྲོན་རྣམས་ལ་རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་འཐབ་རྩོད་དང་བཙན་བྱོལ་བོད་མིའི་བདེ་དོན་ཐོག་ཐུགས་ཁུར་རྒྱབ་སྐྱོར་གནང་བ་དང་། ལྷག་པར་འབྲས་ལྗོངས་ཀྱི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་ཏ་མང་མཆོག་གི་དབུ་ཁྲིད་འོག་འབྲས་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་སྤུས་ཚད་མཐོ་བའི་ཕེབས་བསུ་དང་བཞུགས་གནས་གྲ་སྒྲིག་གནང་བར་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་རེད།
གཞན་ཡང་མཛད་སྒོའི་ཐོག་འབྲས་གཞུང་གྲོས་ཚོགས་ཀྱི་ཚོགས་གཙོ་ཨ་རུན་ཨུབ་རི་ཏི་མཆོག་དང་། ཤིང་ནགས་བློན་ཆེན་ཀརྨ་བློ་གྲོས་ལགས་ནས་ཀྱང་མཛད་སྒོ་འབྲེལ་བའི་གསུང་བཤད་གནང་། སྐབས་དེར་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་གནང་ཡོད་པ་བཅས།།