༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་བཀའ་དྲིན་སྩལ་གཏན་ཁེལ་བ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༦ ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༡ ཚེས་ ༠༤ བར་གནས་མཆོག་རྡོ་རྗེ་གདན་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཀྱི་ལུས་ཁམས་བདེ་ཐབས་ཆེད། རིན་མེད་སྨན་སྒར་ཟུར་འཛུགས་ཀྱིས་རིན་མེད་སྨན་བཅོས་དང་། ལུས་ཟུངས་བརྟག་དཔྱད། ནད་འདྲེན་རླངས་འཁོར་ཞབས་ཞུ། ཁ་རས་བགོ་འགྲེམས་སོགས་ཀྱི་ཞབས་ཞུ་སྒྲུབ་མུས་ཡིན་པ་རེད།
རྡོ་རྗེ་གདན་དུ་སྨན་བཅོས་ཞབས་ཞུའི་ཆེད་འཕྲོད་བསྟེན་སྨན་ཁང་གི་སྨན་པ་དང་། སྨན་ཞབས། འཕྲོད་ལས་པ་ཁྱོན་བཅོ་བརྒྱད་ཀྱིས་ཞབས་ཞུ་སྒྲུབ་བཞིན་ཡོད་ལ། ཐེངས་འདིའི་སྨན་བཅོས་ཞབས་ཞུའི་འགྲོ་གྲོན་མཐུན་འགྱུར་ཨ་རིའི་བོད་ཀྱི་ཐེབས་རྩ་དང་། ༸གོང་ས་ཏཱ་ལའི་བླ་མའི་དགེ་རྩས་གནང་གི་ཡོད་ཅིང་། ད་བར་ནད་པ་གྲངས་ ༧༠༠ ལ་སྨན་བཅོས་བརྟག་དཔྱད་ཀྱི་མཐུན་རྐྱེན་ཐོབ་ཡོད་པ་བཅས།།