༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་བྷ་རོ་ཊར་རྟེན་གཞི་བྱས་པའི་མ་ཧཱ་ར་ཇཱ་སཱ་ཡཱ་ཇཱི་རཱབ་གཙུག་ལག་སློབ་གཉེར་ཁང་ (The Maharaja Sayajirao University) གི་སྤྱི་ཚོགས་ཞབས་ཞུ་སྡེ་ཚན་གྱི་སློབ་དཔོན་ཨན་ཀུར་སག་སེ་ན་མཆོག་ (Dr. Ankur Saxena) དང་། སློབ་དཔོན་པུ་ཇ་ཀན་ཊ་རི་ཡ་མཆོག་ (Dr. Pooja Kantariya) རྣམ་གཉིས་ཀྱིས་སྣེ་ཁྲིད་འོག་སློབ་ཕྲུག་ ༤༦ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་རྗེས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་། བོད་ནས་བབས་པའི་རྒྱུགས་ཆུ་ཁག་གི་གལ་གནད་སྐོར་ངོ་སྤྲོད་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བྷ་རོ་ཊར་རྟེན་གཞི་བྱས་པའི་མ་ཧཱ་ར་ཇཱ་སཱ་ཡཱ་ཇཱི་རཱབ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཞབས་ཞུ་སྡེ་ཚན་གྱི་སློབ་དཔོན་ ༢ དང་། སློབ་ཕྲུག་གྲངས་ ༤༦ ལ་གསུང་བཤད་གནང་སྐབས་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་ངོ་སྤྲོད་དང་། ལས་དོན་གནང་ཕྱོགས། དེ་བཞིན་བཙན་བྱོལ་བོད་མི་མང་གིས་སྤྱི་འཐུས་འདེམས་སྟངས་སོགས་ཀྱི་སྐོར་འགྲེལ་བརྗོད་ཞིབ་ཕྲ་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་འཚེ་བ་མེད་པའི་ལམ་ནས་མདུན་བསྐྱོད་འབད་བརྩོན་གནང་བཞིན་ཡོད་སྐོར་གསུངས་གནང་བ་དང་། ཆབ་སྲིད་ཀྱི་གནས་བབ་ཐོག་ནས་རྒྱ་གར་དུ་བཙན་བྱོལ་བ་ཆགས་ནས་མི་ལོ་ ༦༤ ལྷག་འགྲོ་ཡི་ཡོད་པ། དེའི་རིང་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་བཅས་ལ་བརྟེན་ནས་བོད་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་གནས་བབ་རེད། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་བའི་ཐོག ད་ཆ་རྒྱལ་སྤྱིའི་ནང་ངོམས་སུ་ཆོག་པའི་གནས་བབ་ཆགས་བསྡད་ཡོད་ཅེས་གསུངས་གནང་སོང་།གཞན་ཡང་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་སྐབས་གསུངས་དོན། ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་བྱིས་པ་སྟོང་ཕྲག་མང་པོ་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་རྡོག་རོལ་བཏང་ནས་བོད་ནང་གི་བོད་མིའི་རིགས་རྫས་ (DNA) བསྡུ་རུབ་བྱས་དང་བྱེད་བཞིན་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མ་བཟོད་པར་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༧ གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བའི་སྐོར་གསུངས་གནང་སོང་།
སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མཐོ་སྒང་དེ་འཛམ་གླིང་ལ་གལ་གནད་ཆེ་ཚུལ་དང་འབྲེལ་ཏེ་གསུང་བཤད་གནང་སྐབས་བོད་ནི་ཡོངས་གྲགས་སུ་འཛམ་གླིང་ས་ཡི་མཐོ་སྒང་ངམ་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་ལྟར། བོད་ཀྱི་མཐའ་བཞིའི་གངས་རི་དེ་དག་ནས་ཨེ་ཤི་ཡའི་སྲོག་རྟེན་དུ་གྱུར་བའི་ཆུ་བོ་མང་པོ་ཐོན་གྱི་ཡོད་པ་དང་། ཆུ་བོ་དེ་དག་ལ་མི་མང་ས་ཡ་མང་པོའི་འཚོ་བ་བརྟེན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གིས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ཁོ་ནར་དམིགས་ཏེ་ཚད་ལས་བརྒལ་བའི་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་མུས་ཡོད་པ། དཔེར་ན། རྒྱ་ནག་དམར་གཞུང་གིས་ཆུ་མཛོད་བརྒྱབ་སྟེ། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དེ་འཛམ་གླིང་ནང་ཞི་བདེ་ཡོང་ཐབས་སུ་གཙོ་བོ་རྒྱ་ནག་དམར་གཞུང་གིས་བྱ་སྤྱོད་རྣམས་འགན་ཁུར་ལྡན་པ་བཟོ་དགོས་སྐོར། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ནས་ཚན་རིག་དང་མཐུན་པའི་ཐོག་ནས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་གནད་ཐོག་ཞིབ་འཇུག་ཚད་ལྡན་གནང་དགོས་སྐོར་གསུངས་གནང་སོང་།དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཆོག་ནས་སློབ་མ་ཚོས་བོད་མིའི་འཐབ་རྩོད་ཐོག་གོ་རྟོགས་སྤེལ་བ་ཙམ་མིན་པར། སོ་སོའི་མངའ་སྡེའི་གྲོས་ཚོགས་དང་དབུས་ཀྱི་གྲོས་ཚོགས་སུ་བོད་ཀྱི་གནད་དོན་སྐོར་གླེང་སློང་ཡོང་ཐུབ་པའི་འབད་བརྩོན་བྱ་དགོས་པའི་སྐུལ་མ་གནང་སོང་།
མཐའ་མར་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། སློབ་ཕྲུག་རྣམས་ཀྱིས་དྲི་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་བ་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། བོད་ཀྱི་ས་ཁྲའི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་སོང་བ་བཅས།།