༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༠༩ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་རེ་བའི་མི་ལྕེ་ཞེས་པའི་ལས་འགུལ་གྱི་བྱང་ཨ་རིའི་ཡན་ལག་ཚོགས་པའི་ཚོགས་མི་རྒྱལ་སྤྱིའི་སྤྱི་ཚོགས་ལས་འགུལ་ཁང་གི་ངེས་སྟོན་པ་ཡུ་ཛན་ཀྲོ་ཡོ་ཊ་ (Yuzan Toyoda) ལགས་དང་། རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་ཀྱི་ངེས་སྟོན་པ་ཨེ་ནི་བྷ་ཇ་མན་ (Annie Bachmann) ལགས་དང་མཇལ་མོལ་གནང་ཡོད།
རེ་བའི་མེ་ལྕེ་ནི་རྡུལ་ཕྲན་འབར་རྫས་ཀྱི་མེ་རོ་ལས་མཆེད་པའི་མེ་རྒྱུན་ཞིག་ཡིན་པ་དང་། དེ་ནི་མ་འོངས་པར་རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་མེད་པའི་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་བརྡ་ལན་ཞིག་ཡིན། རེ་བའི་མེ་ལྕེ་ལས་འགུལ་འཛམ་གླིང་ཁྱོན་ཡོངས་སུ་སྤེལ་བཞིན་པ་ལྟར་གོང་ཚེས་ཉིན་ཚོགས་མི་རྣམས་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་མཇལ་ཞིང་། སྐབས་དེར་སྐུ་ཚབ་དོན་གཅོད་ནས་ལས་འགུལ་དེར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་འོག་བོད་མི་རྣམས་ནས་འཚེ་བ་མེད་པ་དང་། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་འབད་རྩོལ་གནང་གི་ཡོད་སྐོར་དང་། རེ་བའི་མི་ལྕེ་ལས་འགུལ་བརྒྱུད་འཛམ་བུ་གླིང་ནང་ཞི་བདེ་གོང་འཕེལ་གཏང་རྒྱུར་འབད་རྩོལ་གནང་བཞིན་པར་བསྔགས་བརྗོད་གནང་ཡོད་པ་བཅས།།