༄༅། །ལོ་ངོ་ ༧༥ སྔོན་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་ནི་འགྲོ་བ་མི་རིགས་སྤྱི་ཡོངས་ལ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་གསལ་བའི་ཡིག་ཆ་གལ་ཆེ་ཞིག་ཡིན་ལ། ཡིག་ཆ་དེ་ཉིད་དང་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གསལ་བའི་གན་རྒྱ་ (International Covenant on Economic Social and Cultural Rights) དང་། རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་གན་རྒྱ་ (International Covenant on Civil and Political Rights) གཉིས་ལ་བརྟེན་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་གྲུབ་ཅིང་། དེ་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་མཐོར་ཕྱིན་ཡོད།
རྒྱ་ནག་གིས་བོད་མིའི་གཞི་རྩའི་ཐོབ་ཐང་ལ་བསམ་བཞིན་དུ་གོ་རིམ་ལྡན་པའི་སྒོ་ནས་རྡོག་རོལ་གཏོང་བཞིན་པ་དེ་ནི་རྒྱ་ནག་གིས་བརྩི་བཀུར་བྱ་དགོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་། མི་མང་གི་ཐོབ་ཐང་སྲུང་སྐྱོབ་དང་གོང་སྤེལ་གཏོང་བར་དམིགས་པའི་ལས་འགན་ཁག་ལ་བརྩི་བཀུར་རྩ་བ་ནས་མ་བྱས་པ་ཞིག་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་བོད་ཐེ་བའི་ཤར་ཏུར་ཀིསྟན་དང་། ལྷོ་སོག ཧོང་ཀོང་། མ་ཀོ་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་གནས་ཚུལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་ལྷན་ཚོགས་ཀྱི་འདི་ལོའི་ཕྱི་ཟླ་ ༣ ནང་དུས་མཚམས་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་སུ་གསལ་པོར་གྱུར་ཡོད། སྐབས་དེར་རྒྱ་ནག་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བའི་སྐྱོན་འཛུགས་སྣ་ཚོགས་ཀྱི་ཐོག་དྲི་རྩད་བྱས་ཡོད་པ་དང་། དེའི་ཁོངས་སུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། བོད་མི་འབྲོག་པ་ཚོ་བཙན་གྱིས་གཞིས་སྤོ་རུ་འཇུག་པ། ངལ་རྩོལ་དུ་བཙན་བཀོལ་བྱེད་པ། ལས་ཀ་བྱེད་སར་དབྱེ་འབྱེད་བྱེད་པ། ཆོས་དད་རང་དབང་དང་སྐད་ཡིག་གི་ཐོབ་ཐང་མེད་པ། བོད་ཕྲུག་རྣམས་གཏན་སློབ་ཁག་ཏུ་བཙན་འཇུག་བྱེད་པ་སོགས་ཚུད་ཡོད། འོན་ཀྱང་རྒྱ་མིའི་སྐུ་ཚབ་ཚོས་སྐྱོན་འཛུགས་ཚང་མ་ཁས་ལེན་མ་བྱས་པའམ། ཡང་ན་གནས་ཚུལ་གསལ་ཁ་འདོན་པ་དང་རྒྱབ་སྐྱོར་གྱི་ཡིག་ཆ་གང་ཡང་མ་སྤྲད་པར་རང་བསྟོད་ཀྱི་ལན་འདེབས་བྱས་ཡོད།
ཕྱི་ལོ་ ༢༠༢༣ ལོར་རང་དབང་ཁང་པས་བོད་ནི་འཛམ་གླིང་ནང་རང་དབང་ཆེས་ཞན་པའི་ས་ཁུལ་དུ་ངོས་འཛིན་བྱས་པ་དེ་ནི་ལོ་གསུམ་བསྟུད་མར་བོད་དེ་རང་དབང་ཞན་པའི་ས་ཁུལ་དུ་ངོས་འཛིན་བྱས་པ་ཆགས་ཡོད། བོད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གིས་མུ་མཐུད་ནས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་གཉེར་བཞིན་ཡོད་པ་དང་། བོད་ཕྲུག་ས་ཡ་གཅིག་ཙམ་རང་གི་ནང་མི་དང་ཁ་བྲལ་དུ་བཏང་སྟེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་དང་གོམས་སྲོལ་ལ་སྦྱོང་བརྡར་བྱེད་པའི་གོ་སྐབས་འཕྲོག་བཞིན་ཡོད། དམིགས་བསལ་རྩོམ་པ་པོ་དང་། མཁས་པ། ཁོར་ཡུག་སྲུང་སྐྱོབ་པ། སྤྱི་ཚོགས་ཀྱི་འགོ་ཁྲིད། ཚོང་པ། གཞན་ཕན་གྱི་བྱ་བ་སྒྲུབ་མཁན། སྒྱུ་རྩལ་པ་རྣམས་ངོ་ཚ་ལྡན་པའི་ཁྲིམས་གཏུགས་མ་བྱས་པའི་སྔོན་དུ་ཁྲིམས་འགལ་གྱིས་འཛིན་བཟུང་དང་། བཙོན་འཇུག་མནར་གཅོད། བཙན་དབང་གིས་གར་སོང་ཆ་མེད་དུ་གཏོང་གི་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་ཞུ་བ་དྲུག་གིས་རྒྱ་ནག་ལ་བློ་རྩེ་དང་། བསམ་གྲུབ་གཉིས་གང་དུ་ཡོད་མེད་དྲི་རྩད་བཏང་བ་མ་ཟད། ད་དུང་ར་ཆུང་དགེ་འདུན་དང་། བསོད་ནམས་རྒྱ་མཚོ། ཛུམ་དཀར། གཡུ་སྒྲོན་བཅས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱས་པར་ཁྲིམས་འགལ་གྱིས་འཛིན་བཟུང་བྱས་པའི་སྐོར་དྲི་བ་དྲིས། མགོན་པོ་སྐྱིད་ཀྱིས་རྒྱ་ནག་གཞུང་ནས་རྡོ་རྗེ་བཀྲ་ཤིས་ལ་དྲང་བདེན་མིན་པའི་བཙོན་འཇུག་བྱར་པ་དེར་ངོ་རྒོལ་བྱས་པར་ཉེན་རྟོག་པས་རྡུང་རྡེག་དང་། གཅར་རྡུང་བཏང་བ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་དབང་དང་ཁྲིམས་ཞིབ་དྲང་སྙོམས་ཀྱི་ངོ་རྒོལ་བྱེད་པའི་ཐོབ་ཐང་ལ་བཙན་གནོན་བྱས་པ་དེ་སྟོན་གྱི་ཡོད། དེ་བཞིན་ཉེ་ཆར་བོད་ཀྱི་གླུ་བ་དཔལ་ལྡན་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ཀྱི་རྒྱལ་གཅེས་གཞས་ཤིག་སྤེལ་བར་བརྟེན་བཙོན་འཇུག་ལོ་གསུམ་བྱས་པ་དེས། བོད་མིའི་ཡ་ང་བའི་འཚོ་བའི་གནས་སྟངས་དང། བོད་མིར་སྨྲ་བརྗོད་ཀྱི་རང་དབང་མེད་པའི་དཔེ་མཚོན་བསྟན་ཡོད།
ལོ་དགུ་བསྟུད་མར་རྒྱ་ནག་ནི་དྲྭ་རྒྱའི་རང་དབང་ལ་རྡོག་རོལ་གཏོང་མཁན་ཚབས་ཆེ་ཤོས་སུ་གྱུར་ཡོད། དེ་ནི་རྒྱ་ཁྱབ་ཆེ་བའི་བྱ་ར་སོ་ཉུལ་གྱི་སྒྲིག་སྲོལ་གཏན་འབེབས་དང་། བོད་མི་རྣམས་ནས་ཆོས་ཕྱོགས་ཀྱི་དཔེ་དེབ་དང་། རྒྱལ་གཅེས་གླུ་གཞས། ༸གོང་ས་མཆོག་གི་སྐུ་པར་མཉམ་སྤྱོད་བྱེད་པ། དེ་བཞིན་དམར་ཤོག་ཚོགས་པའི་ལྟ་བ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་པ་སོགས་བོད་མིས་རང་གི་ངོ་བོ་གསལ་སྟོན་བྱེད་པར་དྲག་གནོན་བྱས་པ་དེས་མཚོན།
རྒྱ་ནག་གི་ཉེན་རྟོག་པས་ལོ་ལྔ་ཅན་གྱི་བྱིས་པ་ཐེ་བའི་བོད་མི་ས་ཡ་༡་༢ ནས་མོས་མཐུན་མེད་པར་རིགས་རྫས་དཔེ་མཚོན་བླངས་ཤིང་། དེ་ལ་བརྟེན་ནས་གསང་ཉར་ཐོབ་ཐང་དང་། ཁོང་ཚོའི་ནང་མི་སྤུན་མཆེད་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱེད་སྲིད་པའི་ཐད་བློ་འཚབ་ཆེན་པོ་བླངས་ཡོད་པ་རེད། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ནང་ཆུ་དར་ལགས་དང་། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ནང་དགེ་བཤེས་ཕན་བདེ་རྒྱལ་མཚན་གཉིས་བཙོན་ཁང་དུ་འདས་གྲོངས་སུ་གྱུར་བའི་དོན་རྐྱེན་དེས་བོད་ནང་བོད་མི་ཚོར་རྒྱུན་ལྡན་ལྟར་མནར་གཅོད་གཏོང་བ་དང་། སྡུག་སྦྱོང་གཏོང་བ་སོགས་ཐེ་བའི་རྒྱ་ཆེ་ཞིང་གོ་རིམ་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་བ་གསལ་སྟོན་བྱས་ཡོད། བོད་མི་ཚོར་ཆོས་ཕྱོགས་ཀྱི་ཐོབ་ཐང་ཐོག་དམིགས་བསལ་གྱི་དྲག་གནོན་ཕོག་སྟེ། བོད་མི་སྐྱ་བོ་དང་བྱིས་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཞུགས་མི་ཆོག་པ་དང་། གྲྭ་བཙུན་རྣམས་ལ་སྲིད་ཕྱོགས་ཀྱི་ལྟ་བ་སྒྱུར་ཐབས་ཀྱི་ཚོགས་འདུ་འཚོགས་རྒྱུ། མང་ཚོགས་དང་དྲ་ལམ་ཁག་ཏུ་ཆོས་ཕྱོགས་ཀྱི་བཀའ་སློབ་དང་བགྲོ་གླེང་བྱེད་དུ་འཇུག་གི་མེད མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཚོགས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གནས་ཚུལ་ཡང་ཡང་དྲིས་ཡོད་ཀྱང་། མི་ལོ་ཉེར་བརྒྱད་རིང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཡིད་རྟོན་རུང་བ་ཞིག་རྒྱ་ནག་གིས་གསལ་བསྒྲགས་བྱེད་རྒྱུར་ཁས་ལེན་བྱས་མེད། ད་བར་ཉུང་མཐར་བོད་མི་༡༥༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཏུ་ཕྱིན་པ་གསལ་སྟོན་བྱེད་ཀྱི་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་རྒྱལ་ཁབ་ལས་བརྒལ་བའི་དྲག་གནོན་བྱས་པར་བརྟེན་བོད་མི་བཙན་བྱོལ་བ་རྣམས་རྒྱུན་མི་ཆད་པའི་འཇིགས་སྣང་དང་ངེས་མེད་ཀྱི་གནས་སུ་ལྷུང་བའི་དབང་གིས་བོད་ནང་གནས་སྡོད་ནང་མི་སྤུན་མཆེད་ཚོར་རྒྱ་ནག་གཞུང་གི་དྲག་གནོན་ལས་སྲུང་སྐྱོབ་ཡོང་བའི་ཆེད་དུ་འབྲེལ་གཏུགས་མཚམས་འཇོག་མི་བྱེད་ཀ་མེད་བྱུང་ཡོད། དེ་བཞིན་བོད་མི་འབྲོག་པ་དང་ཞིང་པ་ས་ཡ་གཉིས་ལྷག་ལ་གུན་གསབ་འོས་འཚམ་ཞིག་མ་སྤྲད་པར་སྲོལ་རྒྱུན་གྱི་རྩྭ་ཐང་ནས་གནས་སྤོ་བྱེད་དགོས་བྱུང་ཡོད། ས་ཆ་སྟོང་པ་རྒྱ་ཆེན་དེ་དག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་ཁྲིམས་འགལ་གྱི་སྒོ་ནས་བདག་བཟུང་བྱས་པ་དང་། རྗེས་སུ་དམག་སྦྱོང་གི་སྒར་དང་། གཏེར་འདོན་ལས་འགུལ་གྱི་ཆེད་དུ་བེད་སྤྱོད་བྱས་པ། དེ་བཞིན་གཙང་པོའི་ཐོག་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞི་སོགས་གཞི་རྒྱ་ཆེ་བའི་གཞུང་གི་ལས་གཞིའི་ཆེད་བདེ་སྤྱོད་བྱེད་ཅིང་། དེ་ལ་བརྟེན་ནས་ས་གནས་བོད་མི་དང་བོད་ཀྱི་རང་འབྱུང་ཁོར་ཡུག་ལ་དོ་ཕོག་འགྲོ་གི་ཡོད།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ངོས་ནས་སྲིད་གཞུང་དང་། གཞུང་འབྲེལ་མི་སྣ། གྲོས་ཚོགས་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་ཞུ་མཁན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན། བོད་དོན་རྒྱབ་སྐྱོར་བ། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ནས་བོད་དང་། ཤར་ཏུར་ཀིསྟན། ལྷོ་སོག་སོགས་ས་ཁུལ་གཞན་ཁག་ནང་རྒྱ་མིས་འགྲོ་བ་མིའི་ཐོབ་ཐང་ལ་གཏོར་བཤིག་གཏོང་བཞིན་པར་སེམས་འཚབ་ཆེན་པོ་ཡོད་སྐོར་བརྗོད་དེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པོ་རྣམས་ལ་སྲུང་སྐྱོབ་ཡོང་བའི་འབོད་སྐུལ་ཞུས་པར་བཅོས་མིན་གྱི་བསྔགས་བརྗོད་ཞུ་རྒྱུ་ཡིན། ཕྱི་ལོ་༢༠༢༤ ལོའི་ཕྱི་ཟླ་༡ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་འཁོར་བསྐྱར་ཞིབ་ཐེངས་བཞི་པ་དེ་ནི། རྒྱ་ནག་གི་ཁྲིམས་འགལ་དབང་སྒྱུར་འོག་ཡོད་པའི་རྒྱལ་ཁབ་ཁག་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་གདུག་རྩུབ་ཆེ་བའི་བྱ་སྤྱོད་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ནང་སོ་སོའི་འགན་འཁྲི་ཁག་ལ་རྡོག་རོལ་ཚབས་ཆེན་བྱས་པ་དེ་ཚོར་སྐྱོན་བརྗོད་དང་། གསལ་འདོན་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན། ང་ཚོས་རྒྱལ་སྤྱིའི་ཚོགས་མི་རྒྱལ་ཁབ་ཁག་དང་། སྲིད་གཞུང་ཁག་ལ་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱི་སྒྲིག་གཞི་ལག་བསྟར་དང་། ཉིན་ལྟར་བོད་མི་ཚོར་ཡ་ང་སྙིང་རྗེ་མེད་པའི་སྡུག་སྦྱོང་མནར་གཅོད་བཏང་བ་བརྒྱུད་བོད་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་དང་། བོད་ཀྱི་རིག་གཞུང་མཉམ་བསྲེ་བྱས་པའི་སྲིད་བྱུས་ལ་རྒྱ་ནག་གཞུང་ནས་འགན་ཁུར་ལེན་འཇུག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གིས་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་པ་ཚོའི་དགོས་འདུན་ལ་བརྩི་བཀུར་དང་། བོད་ནང་དྲག་གནོན་བྱེད་པའི་སྲིད་བྱུས་ལ་བཅོས་ཐབས་དང་། བོད་མི་ཚོར་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་མིང་དོན་མཚུངས་པ་སྤྲོད་དགོས་པ་ཡིན།།