༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་། ཨ་རུ་ན་ཅལ། མེ་གྷ་ལ་ཡ། ན་གྷ་ལན་ཌི་བཅས་ཀྱི་མངའ་སྡེ་ཁག་ནང་ཡོད་པའི་བོད་མིའི་འདུ་སྡོད་ཁག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་བསྐྱངས་དང་སྐྱོང་བཞིན་ཡོད།དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ནས་གྷོ་ཝ་ཧ་ཀྲི་དང་། ཤིས་ལོངས་ས་གནས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཤིས་ལོངས་ས་གནས་ནས་ཕེབས་ཐོན་གྱིས་གྷོ་ཝ་ཧ་ཀྲིར་ཕེབས་འབྱོར་དང་།
དེ་ནས་བསྟན་འཛིན་སྒང་ས་གནས་འགོ་འཛིན་དང་ལྷན་དུ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་གྱི་ཐོག་དེ་གར་འབྱོར་མཚམས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཡིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་བ་དང་། དེ་རྗེས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། ས་གནས་མི་མང་གི་བདེ་སྡུག་དང་འབྲེལ་བའི་ཐོག་རྒྱུས་ལོན་རྟོག་ཞིབ་གནང་འདུག
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་མཆོད་མཇལ་དང་། གཟིགས་ཞིབ་གནང་ཡོད་ཅིང་། དེའི་སྐབས་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་ནས་ཕེབས་བསུ་ཟབ་རྒྱས་གནང་འདུག དེ་རྗེས་མི་མང་ཚོགས་ཁང་དུ་ས་གནས་མི་མང་འདུ་འཛོམས་ཐོག སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། མང་གཙོའི་འཕེལ་རིམ་སྐོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་།
སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ད་ལྟའི་ཆར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་འཛིན་པའི་ཆབ་སྲིད་ཀྱི་ལང་ཕྱོགས་དང་གནས་བབ། དམིགས་བསལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་ངོས་འཛིན་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་གནང་འདུག་པ་མ་ཟད། མང་ཚོགས་ཀྱི་དགོངས་ཚུལ་ཁག་ཀྱང་བསྡུ་ལེན་གནང་འདུག
མི་མང་ཚོགས་འདུ་གྲུབ་རྗེས། སྤྱི་འཐུས་རྣམ་གཉིས་བསྟན་འཛིན་སྒང་སམ་བྷོ་ཊ་གཞི་རིམ་བར་མའི་ཉིན་སློབ་ཏུ་ཕེབས་ཏེ། སློབ་གྲྭའི་དགེ་སློབ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་ཆེའི་རང་བཞིན་དང་། དགེ་རྒན་གྱི་འགན་འཁྲིའི་སྐོར། སློབ་ཕྲུག་ཚོས་སློབ་སྦྱོང་ཧུར་ཐག་གནང་དགོས་གལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་གནང་འདུག་པ་མ་ཟད། དགེ་རྒན་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་དང་། བསམ་ཚུལ་ཁག་བསྡུ་ལེན་གནང་ཡོད་འདུག དེ་རྗེས་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་ལ་གཟིགས་ཞིབ་དང་། དེ་བཞིན་ས་འགོ་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་སྐོར་གནང་འདུག
ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་འབུམ་སྡེ་ལར་ཕེབས་ཐོན་གྱིས་ས་གནས་སུ་འབྱོར་མཚམས། ས་གནས་ཀྱི་འབྲེལ་མཐུད་པ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཕེབས་བསུ་དང་། དེ་རྗེས་མི་མང་ཚོགས་འདུ་བསྐོངས་ཤིང་། སྐབས་དེའི་ཚོགས་འདུའི་ཐོག་སྤྱི་འཐུས་རྣམ་གཉིས་ནས་གོང་གསལ་བརྗོད་གཞིའི་ཐོག་གསུང་བཤད་དང་། ས་གནས་རང་གི་བདེ་སྡུག་ཐོག་བསམ་ཚུལ་བསྡུ་ལེན་གནང་འདུག
མི་མང་ཚོགས་འདུ་གྲུབ་རྗེས། ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཆེད་སྐོང་གནང་སྟེ། ས་གནས་ཀྱི་གནས་སྟངས་ཐོག་བསམ་ཚུལ་བསྡུ་ལེན་ཞིབ་ཕྲ་གནང་འདུག དེ་རྗེས་འབུམ་སྡེ་ལའི་རང་བདེན་ཚོགས་ཆུང་གི་ཚོགས་ཁང་ལ་གཟིགས་ཞིབ་དང་། དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གཙུག་ལག་སློབ་གཉེར་ཁང་དུ་མཆོད་མཇལ་གནང་འདུག
སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་འབུམ་སྡེ་ལ་ནས་ལམ་ཞུགས་ཀྱིས་ཕེབས་ཐོན་གནང་སྟེ། ཕྱི་དྲོ་མོན་རྟ་དབང་དུ་ཕེབས་འབྱོར་གནང་རྒྱུ་རེད་འདུག་པ་དང་། དེ་རྗེས་རིམ་པས་འབུམ་སྡེ་ལ་བརྒྱུད་ཏེ་ཛི་པུ་དང་། དྷི་མ་པུར། ཀོ་ཧི་མ་བཅས་སུ་མུ་མཐུད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་བཅས། །