༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡༢ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་ཉེ་ཆར་གསར་དུ་བསྐོ་གཞག་གནང་བའི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་འབུམ་རམས་པ་ར་ཇེ་ནི་ཤི་ གྷོལ་ (Dr. Rajneesh Goel, IAS Chief Secretary of Karnataka) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་འདུགསྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་འབུམ་རམས་པ་ར་ཇེ་ནི་ཤི་གྷོལ་མཆོག་གིས་ཕྱི་ཚེས་ ༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེའི་མཛད་འགན་བཞེས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་དང་སྦྲགས། དེ་སྔོན་སྐུ་ཞབས་ཁོང་གིས་མངའ་སྡེའི་ནང་སྲིད་དྲུང་ཆེ་སོགས་ཀྱི་མཛད་འགན་བཞེས་སྐབས་བོད་དོན་སྤྱི་དང་། ལྷག་པར་དུ་ས་གནས་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སླད་མར་ཡང་མུ་མཐུད་བོད་དོན་འཐབ་རྩོད་དང་། ས་གནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་འདུག མཇལ་འཕྲད་སྐབས་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལས་དྲུང་བསྟན་འཛིན་ཚེ་འཕེལ་ལགས། ལས་བྱེད་ཀུན་དགའ་ལགས་བཅས་མཉམ་བཅར་ཞུས་གནང་ཡོད་འདུག
གཞི་རྩའི་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༩ ནས་ཟླ་ ༡༢ པའི་ཚེས་ ༡༣ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། སྦེང་ལོར། མེང་ལོར། མའེ་སོར་བཅས་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་པ་བཅས། །