༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༠༢ ནས་ ༠༤ བར་རྒྱ་གར་གྱི་མངའ་སྡེ་བི་ཧཱར་གྱི་རྒྱལ་ས་པཊ་ནར་འཚོགས་པའི་རྒྱ་གར་སྤྱི་ཚོགས་གླེང་སྟེགས་ (India Social Forum) ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་མཉམ་ཞུགས་ཀྱིས་བོད་དོན་འཐབ་རྩོད་སྐོར་གོ་རྟོགས་ལས་འགུལ་སྤེལ་ཡོད།
དེ་ཡང་ཚོགས་འདུའི་འཛོམས་རར་བོད་དོན་དང་འབྲེལ་བའི་དཔེ་དེབ་བགོ་འགྲེམས་དང་སྦྲགས། ཚོགས་བཅར་བ་རྣམས་ལ་བོད་ཀྱི་རང་དབང་འཐབ་རྩོད་དང་དེ་ཉིད་རྒྱ་གར་ལ་གལ་ཆེ་ཚུལ་སྐོར་ངོ་སྤྲོད་གནང་ཡོད། སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་ཚོགས་གཙོ་གཞོན་པ་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་གཙོས་པའི་གནད་ཡོད་མི་སྣ་ཁག་དང་། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་མཉམ་ཞུགས་གནང་ཡོད། ཟླ་འདིའི་ཕྱི་ཚེས་ ༠༣ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཞིང་། ཚོགས་འདུའི་ནང་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་རམ་ཇི་སིངྒ་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱལ་ཡོངས་ཚོགས་གཞོན་སུ་རེནྡྲ་ཀུ་མཱར་ལགས། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་ཚོགས་མི་བཅས་མཉམ་ཞུགས་གནང་ཡོད། སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཡན་ལག་གི་ཚོགས་མི་སྐུ་ཞབས་བ་ར་ཇེཤ་ཀུ་མཱར་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་སྟོང་ཕྲག་འགའ་ཤས་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བའི་གནས་ཚུལ། དེ་བཞིན་རྒྱ་གར་གཞུང་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱ་ཡུལ་མེད་པ་སོགས་ཀྱིས་སྐོར་གསུང་བཤད་གནང་།
དེ་ནས་འབུམ་རམས་པ་པྲ་ནོཊ་ཀུ་མཱར་ལགས་ཀྱིས་བོད་དོན་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་ཆེད་རྒྱ་གར་གྱིས་བོད་དོན་གླེང་དགོས་པ་དང་། གསར་འགོད་པར་བོད་དོན་སྐོར་འགྲེལ་བརྗོད་བྱ་དགོས་པ། ས་གནས་ཀྱི་གྲོས་ཚོགས་འཐུས་མིར་ཞུ་གཏུགས་ཀྱིས་གྲོས་ཚོགས་སུ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུ་དགོས་པ། བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་དོ་སྣང་དགོས་སྐོར་གསལ་བཤད་གནང་། དེ་བཞིན་མ་ཧཱཏྨཱ་གཱནྡྷི་ཧིནྡུ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་མ་ནོཇ་ཀུ་མཱར་ལགས་ཀྱིས་འཕགས་བོད་གཉིས་བར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་ནག་གིས་བཙན་བཟུང་བྱས་རྗེས་རྒྱ་གར་གྱི་བདེ་འཇགས་དང་ཁོར་ཡུག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་གསལ་སྟོན་གནང་རྗེས་སྐུ་ཞབས་ཨུ་པ་དྱ་ལགས་ཀྱིས་བོད་དེ་འཛམ་བུ་གླིང་དང་། དམིགས་བསལ་རྒྱ་གར་ལ་གལ་གནད་ཆེ་ཚུལ་འགྲེལ་བརྗོད་དང་། རྒྱ་གར་གཞུང་དམངས་གཉིས་ནས་བོད་དོན་ལ་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་རམ་ཇི་སེངྒ་ལགས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཐུན་མོང་གི་ལངས་ཕྱོགས་བཟོས་དགོས་པ་དང་། རྒྱ་གར་མང་ཚོགས་ནས་ཀྱང་བོད་མི་དང་འབྲེལ་ལམ་དམ་དུ་བཏང་སྟེ་སྤྱི་ཚོགས་ཀྱི་འབྲེལ་བ་བཟང་དུ་གཏོང་དགོས་པའི་གཞེན་སྐུལ་གནང་གྲུབ་མཚམས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་གཞོན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བཤད་དང་། རྒྱ་གར་གཞུང་དམངས་དང་། ལྷག་པར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པར་ཐུགས་རྗེ་ལེགས་འབུལ་ཞུས།
མཐའ་དོན་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ལགས་ནས་ཕྱི་ལོ་ ༡༩༦༢ ཟླ་བ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྲོས་ཚོགས་ནང་རྒྱ་ནག་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་ཀྱིས་རྒྱ་ནག་གི་ལག་ཏུ་ཤོར་བའི་ས་ཁུལ་རྣམས་ཚུར་ལེན་རྒྱུའི་དམ་བཅས་པ་དང་ཆབས་ཅིག རྒྱ་གར་གཞུང་གིས་རྒྱ་ནག་ལ་ཡིད་ཆེས་བློས་འགེལ་གྱིས་ཕན་ཚུན་མཛའ་འབྲེལ་མཉམ་གནས་ཡོང་ཐབས་ཀྱི་གྲོས་མཐུན་བཞག་ཡོད་ནའང་། རྒྱ་ནག་གཞུང་གིས་མགོ་སྐོར་བསླུ་བྲིད་ཀྱིས་གྲོས་མཐུན་ལ་བརྩིས་མེད་རྡོག་རོལ་བཏང་ཡོད་པའི་གནས་ཚུལ་དྲན་གསོ་གནང་ཡོད་པ་བཅས།།