༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕ་རན་སཱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇི་ཁི་ལིན་ (Jacqueline Eustache) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་བི་རི་ནོ་ཨ་ནིག་བྷི་ལོན་ (Brinio Annick Billon) ལགས། གྲོས་ཚོགས་གོང་མའི་འཐུས་མི་མེ་རི་མར་སི་ (Marie Mercier) ལགས། གྲོས་ཚོགས་གོང་མའི་འཐུས་མི་ས་མན་ཐ་ཀེ་ཛི་བྷོ་ནེ་ (Samantha Cazebonne) ལགས། དྲུང་ཆེ་ཐེ་རི་མུ་ནིར་ (Thierry Munier) ལགས་ལྷན་དུ་ཕ་རན་སཱིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་ཞོགས་ཟས་མཉམ་རོལ་ཞུས།
དེ་ནས་དྲུང་ཆེ་མུ་ནིར་ལགས་ཀྱིས་བོད་མིའི་སྐུ་ཚབ་རྣམས་ལ་གྲོས་ཚོགས་གོང་མའི་ཁང་ཆེན་ལ་གཟིགས་སྐོར་ལ་འཁྲིད་གྲུབ་མཚམས་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་བོད་མིའི་སྐུ་ཚབ་རྣམས་ནས་ཕ་རན་སཱི་སྲིད་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གྲོས་མོལ་གནང་། དེ་རྗེས་བཀའ་བློན་མཆོག་གིས་པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཇིན་ལུག་རོ་མ་རོ་ (Jean-Luc Romero)ལགས་དང་མཇལ་ཏེ་བོད་དོན་སྤྱི་དང་། ཡང་སྒོས་ཕ་རན་སཱི་གནས་འཁོད་བོད་མིའི་གནས་སྟངས་དང་། བོད་མིའི་གཟའ་མཇུག་སློབ་གྲྭ་ཚོགས་ཡུལ་སྐོར་གླེང་མོལ་གནང་རྗེས་ (France Radio International) གསར་ཁང་གི་བཅར་འདྲིར་དང་ལེན་གནང་།གཞན་ཡང་བཀའ་བློན་མཆོག་གིས་པེ་རི་སི་རྫོང་ཨང་༡༡ གི་སྤྱི་ཁྱབ་ཕ་རང་ཀོ་སི་ཝ་འུ་ལིན་ (Francois Vauglin) ལགས་མཇལ་འཕྲད་ཀྱིས་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས།
ཕྱི་དྲོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐའི་ཝན་གྱི་གཞུང་ཚབ་ཕ་རང་ཀོ་སི་ཝུ་ (François Wu) ལགས་དང་ལས་རོགས་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ། ཕ་རན་སིའི་གསར་འགོད་པ་དང་རྩོམ་པ་པོ་པི་རི་ཨན་ཊོ་ནི་ཊོ་ནཊ་ (Pierre Antoine Donnet) ལགས་དང་མཇལ་མོལ་གནང་།གཞུང་འབྲེལ་ཕྱོགས་ཕེབས་སྐབས་བཀའ་བློན་ལྷན་དུ་བེལ་ཇ་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། ལས་བྱེད་འཇིགས་མེད་ལགས་ལྷན་བཅར་ཞུས་ཡོད། ཕྱི་ཚེས་ ༡༥ ཉིན་བཀའ་བློན་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཆེད་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །