༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ཀྱི་འགོ་ཁྲིད་ཟབ་སྦྱོང་གི་ཚོགས་བཅར་བ་རྣམས་དང་། བྷ་རོ་ཊར་རྟེན་གཞི་བྱས་པའི་མ་ཧཱ་ར་ཇཱ་སཱ་ཡཱ་ཇཱི་རཱབ་གཙུག་ལག་སློབ་གཉེར་ཁང་ (The Maharaja Sayajirao University) གི་སྤྱི་ཚོགས་ཞབས་ཞུ་སྡེ་ཚན་གྱི་དགེ་སློབ་ཁག་ཅིག་ལ་འཛམ་གླིང་ལ་བོད་མཐོ་སྒང་གལ་གནད་ཆེ་ཚུལ་སྐོར་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ཀྱི་འགོ་ཁྲིད་ཟབ་སྦྱོང་གི་ཚོགས་བཅར་བ་རྣམས་དང་། བྷ་རོ་ཊར་རྟེན་གཞི་བྱས་པའི་མ་ཧཱ་ར་ཇཱ་སཱ་ཡཱ་ཇཱི་རཱབ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཞབས་ཞུ་སྡེ་ཚན་གྱི་དགེ་སློབ་ཁག་ཅིག་ལ་གསུང་བཤད་གནང་སྐབས་བཙན་བྱོལ་ནང་དུ་བསྐྱར་འཛུགས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཐུན་མོང་མ་ཡིན་པའི་མང་གཙོའི་ཁྱད་ཆོས་ངོ་སྤྲོད་དང་། ལས་དོན་གནང་ཕྱོགས། མི་མང་གིས་སྤྱི་འཐུས་འདེམས་སྟངས་སོགས་ཀྱི་སྐོར་འགྲེལ་བརྗོད་ཞིབ་ཕྲ་གནང་བའི་ཐོག ལོ་རྒྱུས་ཐོག་ནས་རྒྱ་གར་དང་བོད་བར་གྱི་ཆོས་དང་རིག་གཞུང་གི་འབྲེལ་བ་སྤྱི་དང་། ཡང་སྒོས་དཔལ་ནཱལེནྡྲ་ནས་མཆེད་པའི་ནང་པ་སངས་རྒྱས་པའི་ཆོས་བོད་ཀྱི་ཆོས་རྒྱལ་རྣམ་པ་དང་། ལོ་ཙཱ་བ། པཎྚི་ཏ་རྣམ་པའི་བཀའ་དྲིན་ལས་དུས་རབས་བདུན་པ་ནས་བོད་དུ་དར་འཕེལ་བྱུང་བའི་རིམ་པ་ངོ་སྤྲོད་གནང་བ་དང་སྦྲགས། བོད་མི་རྣམས་ཀྱིས་དུས་ད་ལྟ་བར་དུ་ནང་པའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་གནང་སྟེ་འཛམ་བུ་གླིང་ལ་ཞབས་འདེགས་ཞུ་མུས་ཡིན་པ་གསལ་སྟོན་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་རྣམས་ལ་བོད་མཐོ་སྒང་དེ་འཛམ་གླིང་ལ་གལ་གནད་ཆེ་ཚུལ་དང་འབྲེལ་ཏེ་གསུང་བཤད་གནང་སྐབས་གཙོ་བོ་འཛམ་བུ་གླིང་གི་ས་ཁམས་ཆབ་སྲིད་དང་། ཁོར་ཡུག་དང་འབྲེལ་ཏེ་བོད་གལ་གནད་ཆེ་ཚུལ་འགྲེལ་བརྗོད་གནང་། དེ་ཡང་ས་ཁམས་ཆབ་སྲིད་ཐོག་བོད་དེ་འདས་པའི་དུས་རབས་མང་པོའི་རིང་རྒྱ་དཀར་ནག་གཉིས་ཀྱི་དཀྱིལ་དུ་བར་གནས་རྒྱལ་ཁབ་ཀྱི་ངོ་བོར་གནས་ཏེ་ས་ཁམས་བདེ་འཇགས་ལ་ཕན་རླབས་ཆེན་པོ་ཐོགས་ཡོད་པ་དང་། ཕྱི་ལོའི་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ལ་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་བཙན་འཛུལ་བྱས་པའི་རྗེས་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་བཙན་འཛུལ་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་ལ་དོ་ཕོག་བཏང་ཡོད་ཅིང་། དེ་སྔོན་བོད་རང་བཙན་ཡིན་སྐབས་རྒྱ་ཕྱོགས་ནས་རྒྱ་གར་ལ་དེ་ལྟ་བུའི་བཙན་འཛུལ་བྱ་མྱོངས་མེད་པ་གསལ་བཤད་གནང་ཡོད། དེ་བཞིན་བོད་མཐོ་སྒང་གི་སྣོད་བཅུད་རྟེན་འབྲེལ་དང་ཁོར་ཡུག་གི་གལ་གནད་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནི་ཡོངས་གྲགས་སུ་འཛམ་གླིང་ས་ཡི་མཐོ་སྒང་ངམ་སྣེ་གསུམ་པ་ཞེས་འབོད་སྲོལ་ཡོད་པ་ལྟར། བོད་ཀྱི་མཐའ་བཞིའི་གངས་རི་དེ་དག་ནས་ཨེ་ཤི་ཡའི་སྲོག་རྟེན་དུ་གྱུར་བའི་ཆུ་བོ་མང་པོ་ཐོན་གྱི་ཡོད་པ་དང་། ཆུ་བོ་དེ་དག་ལ་མི་མང་ས་ཡ་མང་པོའི་འཚོ་བ་བརྟེན་ཡོད་པ་མ་ཟད། ལོ་རྒྱུས་ཐོག་ནས་བལྟས་ན་སེངྒེ་གཙང་པོའི་དཔལ་ཡོན་དང་། རྒྱ་ནག་གི་དཔལ་ཡོན་ཡང་བོད་ནས་བཞུར་བའི་ཆུ་བོ་དེ་དག་ལ་བརྟེན་ཡོད་པ་དཔང་རྟགས་དང་བཅས་པ་གསལ་སྟོན་གནང་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་གཉེར་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་འཚེ་བ་མེད་པའི་ལམ་ནས་མདུན་བསྐྱོད་འབད་འབུངས་གནང་བཞིན་ཡོད་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་བཀའ་དྲིན་སྐྱོང་ཚུལ། བཙན་བྱོལ་ནང་དུ་བོད་མིའི་སྒྲིག་འཛུགས་དང་། གཞིས་ཆགས། སློབ་གྲྭ་སོགས་གསར་འཛུགས་གནང་རིམ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུ་བཞིན་པའི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ཐེངས་བཅུ་པ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༡ ནས་ ༢༧ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོག་བཞིན་ཡོད།
བྷ་རོ་ཊར་རྟེན་གཞི་བྱས་པའི་མ་ཧཱ་ར་ཇཱ་སཱ་ཡཱ་ཇཱི་རཱབ་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་ཞབས་ཞུ་སྡེ་ཚན་གྱི་དགེ་སློབ་རྣམས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཐེ་བའི་བོད་མིའི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་གནས་བབ་རྒྱུས་ལོན་ཞུ་བར་ཤེས་རིག་ལྟ་སྐོར་དུ་ཕེབས་ཡོད་པ་བཅས།།