༄༅། །དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཕ་རན་སི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་གནང་ཞིང་། གནམ་ཐང་དུ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། སྦེལ་འཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། པེ་རི་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས། ཚོགས་པ་ཁག་གི་འགོ་ལས། གཞན་ཡང་མི་མང་ཁག་གཅིག་ནས་དགའ་བསུའི་སྣེ་ལེན་ཞུས་ཡོད། དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཕ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་ (Radio France Internationale) གི་གསར་འགོད་པ་ནཱ་ཐ་ནེ་ཡལ་ (Nathanael Charbonnier) ལགས་དང་། དེ་བཞིན་ (Liberation) ཞེས་པའི་གསར་ཁང་གི་གསར་འགོད་པ་ཨ་ནོ་ (Arnaud Vaulerin) ལགས། ཕ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་ (Radio France Internationale) རྒྱ་ཡིག་དང་ཨིན་ཡིག་སྡེ་ཚན་གྱི་གསར་འགོད་པ་ཇན་ཝན་ཌར་ (Jan Van Der Made) ལགས་བཅས་བརྒྱུད་ལམ་ཁག་ལ་བཅར་འདྲི་དང་ལེན་གནང་ཡོད། ཕྱི་དྲོ་ཕ་རན་སི་ ༢༤ (France 24) ཞེས་པའི་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་དང་། དེ་བཞིན་པེ་རི་སི་འབྲེལ་མཐུད་ལས་ཁུངས་སུ་པེ་རི་སི་ཁུལ་གྱི་ཆོས་ཚོགས་ཁག་གི་འགན་འཛིན་དང་མཇལ་མོལ་གནང་ཡོད་པ་རེད། ཕྱི་ཚེས་ ༢ ཉིན་སྔ་དྲོ་ (Le Monde) ཞེས་པའི་གསར་འགོད་པ་བྷུརོ་ནོ་ (Bruno Philip) ལགས་ཀྱི་བཅར་འདྲི་དང་ལེན་གནང་རྗེས་རང་རིགས་གཞོན་སྐྱེས་རྣམས་དང་མཇལ་འཕྲད་ཀྱིས་བོད་ས་ཁུལ་དང་། ཆོས་རིག སྐད་ཡིག་བཅས་ཀྱི་གལ་གནད་ཆེ་བའི་སྐོར། བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་དང་། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དང་འབྲེལ་བའི་སྐོར་གསུང་བཤད་གནང་། ཉིན་རྒྱབ་རང་རིགས་མང་ཚོགས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་བཀའ་དགོངས་བཞིན་སྒྲུབ་དགོས་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་ཉན་ཞིབ་གནང་རྗེས་ཚོགས་ཆུང་སྤྱི་མོས་ཐོག་ནས་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་བ་དང་། ཁྲིམས་འཆར་འདིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནའ་དུས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལོ་རྒྱུས་ཐོག་ནས་བདེན་པ་མིན་པའི་གསལ་སྟོན་བྱེད་པ་དང་སྦྲགས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། དགའ་ལྡན་ཕོ་བྲང་ཐེ་བའི་སྒྲིག་འཛུགས་ཀྱི་སྐོར་འཁྱོག་བཤད་བྱེད་བཞིན་པར་ཁ་གཏད་གཅོག་རྒྱུར་དབང་ཚད་སྤྲད་ཡོད་པ་སོགས་འགྲེལ་བརྗོད་གནང་།
གཞན་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ་བོད་ཀྱི་ལོ་རྒྱུས་དང་བོད་སྐོར་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན་པ། བོད་ཀྱི་ཆོས་རིག་དང་སྐད་ཡིག་གལ་གནད་ཆེ་བའི་སྐོར། དེ་བཞིན་བོད་མིའི་མི་འབོར་གྲངས་བཤེར་ཚད་ལྡན་ཡོང་དགོས་པ་གལ་ཆེན་པོར་སོང་། མི་མང་ནས་མཉམ་ཞུགས་དགོས་གལ་ཤིན་ཏུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་རྗེས། མང་ཚོགས་ཁྲོད་ནས་དྲི་བ་ཁག་ཅིག་གནང་བར་ལན་འདེབས་གསལ་བཤད་གནང་ཡོད་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་པེ་རི་སི་གཟའ་མཇུག་སློབ་གྲྭར་ཆེད་ཕེབས་ཀྱིས་སློབ་དགེ་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་སྟེ་ཕྱི་དྲོར་པེ་རི་སི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་གནང་ཡོད་པ་བཅས།།