༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༠ ཉིན་ཉི་འོང་གནས་སྡོད་བོད་མི་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། དེ་བཞིན་དྲག་གནོན་འོག་ཏུ་ཡོད་པའི་ཚོགས་སྡེ་རྣམས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དུས་ཆེན་ཐེངས་ ༧༥ པ་འཁོར་བའི་དུས་དྲན་སྲུང་བརྩི་དང་། ཀྲོག་ཡོའི་ཤིན་ཇུ་ཀུར་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད།
དེ་ཡང་མཛད་སྒོའི་ཐོག་ཉི་འོང་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དུས་དྲན་དང་འབྲེལ་བའི་གསུང་འཕྲིན་ཨིན་སྐད་དུ་སྒྲོགས་སྦྱང་དང་། ཉི་འོང་བོད་ཁང་གི་ནའུ་ཀོ་ལགས་ཀྱིས་ཉི་འོང་སྐད་ཐོག་སྒྲོགས་སྦྱང་གནང་ཡོད།
གསུང་འཕྲིན་ནང་མགོན་པོ་མཆོག་གིས། འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བསྐྱངས་པ་དེས་འགྲོ་བ་མི་ཐམས་ཅད་ལ་འཇིགས་སྣང་དང་འདོད་རྔམ་ལས་གྲོལ་བའི་རང་དབང་ཡོད་པར་བསྒྲུབས་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་འདི་དག་ཡོངས་འདུས་དང་། ལྟོས་གྲུབ། ཡོངས་ཁྱབ་ཡིན། འགྲོ་བ་མི་རྣམས་གཅིག་པ་ཡིན་པའི་ལྟ་ཚུལ་དང་། འཛམ་གླིང་རྟེན་འབྲེལ་གྱི་རང་བཞིན་ཟབ་མོ་རྟོགས་པའི་ལྟ་ཚུལ་གྱི་ཐོག་ནས་གོ་ལའི་དཀའ་ངལ་སེལ་བར་ང་ཚོར་རྒྱལ་སྤྱིའི་ཐོག་ནས་ནུས་པ་ལྡན་པའི་ལས་འགུལ་སྤེལ་དགོས་ཀྱི་ཡོད། ཅེས་བཀའ་སྩལ། དེ་ནས་རྒྱལ་ཁབ་དང་ཚོགས་སྡེ་བཅུ་གཉིས་ལྷག་གི་སྐུ་ཚབ་ཀྱིས་གསུང་བཤད་དང་། རྒྱལ་ཁབ་སོ་སོར་འགྲོ་བ་མིའི་ཐོབ་ཐང་ཇི་ལྟར་རྡོག་རོལ་གཏོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྒྱ་ནག་མང་གཙོའི་ལས་འགུལ་གྱི་སྐུ་ཚབ་དང་། ཉི་འོང་དང་ཡུ་གུར་ཚོགས་པ། ལྷོ་སོག་ཀུ་རིལ་ཏའི། ཧོང་ཀོང་མང་གཙོ་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་གནང་དགོས་པའི་འབོད་སྐུལ་ཞུས།
དེ་བཞིན་འབར་མ་དང་། ཀམ་བོ་ཌི་ཡཱ། ཡུ་ཀེ་རེན། ཨི་རཱན། བེ་ལཱ་རུས། ཐའེ་ཝན། བྱང་ཀོ་རི་ཡ་སོགས་ནས་ཡིན་པའི་གཉའ་གནོན་མྱོང་མཁན་སྤྱི་ཚོགས་ཀྱི་སྐུ་ཚབ་ཚོས་ཀྱང་བློ་འཚབ་བསྟན་པ་དང་སྦྲགས། གནས་ཚུལ་དེ་དག་འཛམ་གླིང་གི་འགོ་ཁྲིད་རྣམས་ནས་ལོ་རྗེས་མའི་ཇི་ནི་ཝའི་རྒྱལ་ཚོགས་ཀྱི་དུས་མཚམས་བསྐྱར་ཞིབ་ (Universal Periodic Review) ཐོག་གླེང་དགོས་པའི་རེ་སྐུལ་ཞུས་ཡོད།
ཞི་བའི་གོམ་བགྲོད་པ་ཁྱོན་བསྡོམས་ཉི་བརྒྱ་ལྷག་ཙམ་གྱིས་ཤིན་ཇུ་ཀོ་སྤྱི་གླིང་ནས་འགོ་བརྩམས་ཏེ། ཤིན་ཇུ་ཀོ་གྲོང་ཁྱེར་གཙོ་བོར་བར་གོམ་བགྲོད་བྱེད་བཞིན་སོ་སོའི་དར་ཆ་སྒྲེང་བཞིན་འབོད་ཚིག་བསྒྲགས་ཡོད་པ་བཅས།།