༄༅། །ཕྱི་ལོ་ ༢༠༢༣ ལོའི་ཐའེ་ཝན་གྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེམས་སྟོན་ཁང་གི་མཐུན་ཚོགས་ཀྱི་ཚོགས་འདུར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་མཉམ་ཞུགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འགྲེམས་སྟོན་ཁང་གི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་རེད།
སྐབས་དེར་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་བོད་དོན་སྤྱི་དང་། བྱེ་བྲག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་རང་དབང་ཆེད་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དེ་དག་བོད་ཀྱི་འགྲེམས་སྟོན་ཁང་ནས་དྲིལ་བསྒྲགས་ཞུ་གཏུག་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཐའི་ཝན་གཞུང་གི་རིག་གཞུང་བློན་ཆེན་གཞོན་པ་སུ་ཝང་ (Sue Wang) ལགས་དང་། རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེམས་སྟོན་ཁང་གི་ངེས་སྟོན་པ་དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེམས་སྟོན་ཁང་གི་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོང་ཤི་ཕང་ (Hong Shifang) ལགས། ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སོགས་ཕེབས་ཞུགས་གནང་ཡོད་པ་རེད།
ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འགྲེམས་སྟོན་ཁང་གི་མཐུན་ཚོགས་ནི་ཕྱི་ལོ་ ༢༠༡༠ ལོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐེར་འདོན་ཆེད་གསར་འཛུགས་གནང་ཞིང་། མཐུན་ཚོགས་ངོས་ནས་འགྲེམས་སྟོན་ཁང་རྣམས་ཀྱིས་རྩོད་རྙོག་ཅན་གྱི་གནད་དོན་སྐོར་དོ་སྣང་བྱེད་དགོས་པའི་ཞུ་སྐུལ་དང་སྦྲགས། འགྲེམས་སྟོན་ཁང་ཕན་ཚུན་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་གདོང་ལེན་བྱེད་དགོས་པའི་སྐུལ་དེད་གཏོང་གི་ཡོད།
འདི་ལོའི་ཚོགས་ཆེན་ཐོག་ཨོསྟྲེ་ལི་ཡཱ་དང་། ཉི་འོང་། བོད། ཐེའི་ལེནྚ། ཨིན་ཊོ་ནི་ཤི་ཡ་སོགས་ནས་ཆེད་མཁས་པ་མཉམ་ཞུགས་ཀྱིས་འགྲེམས་སྟོན་ཁང་དང་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་ཐུབ་ཚུལ་སྐོར་བགྲོ་གླེང་སྦྱངས་བཤད་གནང་བ་མ་ཟད། ཉམས་ཞིབ་སྙན་ཐོ་དང་། གནད་དོན་ཞིབ་འཇུག འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྩོམ་ཡིག་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད་པ་བཅས།།